[A:༨༣]དེའི་སྟོན་ས་སྐྱར་ཕྱགས་ཕེབས། དེ་ནས་དེ་མ་ཐག་དཔོན་སློབ་ཉུང་ཤས་ཤིག་ཁམས་ཕྱོགས་སུ་ཕེབས་པའི་ཆིབས་ཁ་བསྒྱུར། ཕེབས་ལམ་རྒྱལ་རྩེ་བརྒྱུད་ནས་ཕན་ཡུལ་ནཱ་ལནྡར་ཕེབས། དེར་ཡང་སྤྱན་སྔ་ཀུན་དགའ་རྡོ་རྗེ་པ་སྐུ་མཆེད་དང༌། དྲོ་ས་པ་ཀུན་མཁྱེན་ཆེན་པོའི་སྐུ་སྐྱེ་ལྕགས་ལུང་ཆོས་རྗེ་ཐམས་ཅད་མཁྱེན་པ་སོགས་དགེ་བའི་བཤེས་གཉེན་མཚུངས་མེད་མང་པོས་ཞབས་རྡུལ་སྤྱི་བོར་བླངས་ཤིང་འབེལ་བའི་བཀའ་མཆིད་ཀྱི་བདུད་རྩི་ནོས། སྡེ་པ་རྒྱ་བྱ་རྣམ་པ་གཉིས་ལ་སོགས་པ་དད་ལྡན་གྱི་འགྲོ་བ་མང་པོ་ལ་རང་རང་གི་བསམ་པ་དང་འཚམ་པ་ཆོས་ཀྱི་བཀའ་དྲིན་སྩལ་བས་རྒྱུད་ཚིམ་པར་མཛད། ཕེབས་ལམ་ལ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཀྱང་ཁོང་རྣམས་ཀྱིས་དད་ཅིང་གུས་པའི་སྒོ་ནས་ཕུལ་བས། དེ་ནས་བྱང་གི་སའི་ཕྱོགས་སྤ་སྐོང་དགོན་པ་ཞེས་བྱ་བར་ཕེབས། དེ་ན་གནས་པའི་བླ་མ་དགེ་བའི་བཤེས་གཉེན་མང་པོ་ལ་གསུང་ངག་རིན་པོ་ཆེ་ལ་སོགས་པ་གང་ལ་གང་འོས་ཀྱི་གསུང་ཆོས་ཀྱི་བཀའ་དྲིན་སྩལ་བས་ཐམས་ཅད་ཀྱང་མི་ཕྱེད་པའི་དད་པ་ལ་བཀོད། ས་སྐྱོང་ཞེས་བྱ་བ་ཤིང་མོ་བྱའི་ལོ་ལ་ཨ་གྲོའི་ས་ཕྱོགས་རིན་ཆེན་སྒང་ཞེས་བྱ་བར་ཕེབས་ཏེ། དྲུང་པ་བཀྲ་ཤིས་རྒྱལ་མཚན་པས་གཙོ་མཛད། དེར་གནས་པའི་སྐལ་ལྡན་གྱི་སློབ་མ་རྣམས་ལ་གསུང་ངག་རིན་པོ་ཆེས་ཐོག་དྲངས་པའི་དབང་བྱིན་རླབས་ལུང་མན་ངག་མཐའ་ཡས་པ་གནང་བས་དགའ་ཞིང་མགུ་ལ་ཡི་རངས་པར་གྱུར། ངས་དེ་ཙམ་ན་རྗེ་བཙུན་གཅེན་གྱིས་ཁམས་ཕྱོགས་སུ་ཕེབས་པའི་ཚེ་བཏབ་པའི་དགོན་པ་དོན་གྲུབ་གླིང་ཞེས་བྱ་བར་སྤྱན་དྲངས་ཏེ་ཕེབས་པ་ན། དུས་ཕྱིས་ས་ཕྱོགས་དེར་ས་སྐྱ་པའི་