R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༣༨
[A:༣༨]མཚར་གཏམ། །སྙིང་གི་པདྨར་སོན་པའི་སྐལ་བཟང་བདག །དད་དང་གུས་པའི་སྤུ་ལོང་རབ་གཡོས་ཏེ། །ཡོན་ཏན་རྫོགས་པར་བརྗོད་ལ་དབང་མ་མཆིས། །དེ་ལྟའི་རྣམ་ཐར་ཡིད་འཕྲོག་མཱ་ལི་ཀཿ། །ཤེལ་དཀར་གླེགས་བུའི་ངོས་ལ་དབྱངས་གསལ་གཟུགས། །གུར་གུམ་ཟོལ་གྱིས་འོངས་པའི་དྲི་བཞོན་གྱིས། །ཀུན་གསལ་ཕ་མཐར་སོན་པ་བདག་གིས་སྤྲོ། །མཆོད་སྦྱིན་བརྒྱ་པའི་གཞུ་རིང་དང་འགྲོགས་སྤྲིན་དཀར་གཞོན་ནུའི་ཕང་ཕུང་དང༌། རྣམ་བཀྲའི་མེ་ཏོག་ལང་ལིང་གར་བྱེད་ཆུ་ཤེལ་གསར་པའི་རྐང་འཐུང་བཞིན། །རབ་འབྱམས་རྒྱལ་བའི་མཁྱེན་བརྩེའི་ཟློས་གར་རྒྱ་མཚོའི་ལྷ་མོ་སྒྲོ་ལྡན་མ། །ཚུར་སྤྱོན་ཁོ་བོའི་སྙིང་དབུས་བཞུགས་ལ་ངག་གི་སྤོབས་པ་མཆོག་སྩོལ་མཛོད། །དེ་ཡང་ཇི་ལྟར་མཐའ་ཀླས་པའི་ནམ་མཁའི་ཁྱོན་གྱིས་གཞལ་བའི་སྐྱེ་རྒུ་རྣམས་ཀྱི་ཉེར་འཚོའི་དབང་པོ། །གཏིང་དཔག་དཀའ་བའི་ཐུགས་བསྐྱེད་དང༌། སྨོན་ལམ་གྱི་ཆུ་མཚོ་ཆེན་པོ་ལས་ནི་ལེགས་པར་འོངས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེའི་དྲི་བཞོན་གྱི་ཤིང་རྟས་ནི་ལན་ཅིག་མ་ཡིན་པར་ཡང་ཡང་དྲངས། སྒྲིབ་གཉིས་ཆུ་ལྡན་གྱི་རྣམ་པར་དབེན་པའི་ཆོས་སྐུ་བདེ་བ་ཆེན་པོའི་མཁའ་དབྱིངས་སུ་ནི་ལེགས་པར་སོན། གཟུགས་སྐུ་རྣམ་གཉིས་ཀྱིས་རོལ་རྩེད་ཟླ་ཉིའི་དཀྱིལ་འཁོར་རྨད་དུ་བྱུང་བ་ལས་ཕྱོགས་རིས་དང་བྲལ་བའི་འཕྲིན་ལས་ཀྱི་འོད་ཟེར་གྲངས་མེད་པ་རྟག་ཏུ་འཕྲོ་བའི་ངང་ཚུལ་ཅན་གྱི་རྒྱལ་བའི་དབང་པོ་རྣམས་ནི། ནམ་ཡང་ཟབ་མོ་ཆོས་ཀྱི་སྐུ་ལས་གཡོ་བ་མེད་བཞིན་དུ་ཇི་ལྟར་ཡིད་བཞིན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང༌། དཔག་བསམ་གྱི་ལྗོན་ཤིང་ལས་འདོད་དགུ་མཐའ་དག་འབྱུང་བའམ།