R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༩༠
[A:༩༠]ཁང་ནག་པོ་དེར། །ཡེ་ཤེས་མེ་ལྕེས་སྡིག་སྒྲིབ་མ་ལུས་བཀྲུས། །སྟོང་ཉིད་ངང་དུ་སྣང་བརྙན་ཅི་ཡང་ཤར། །གཟུང་འཛིན་སྲོག་བཅད་འཆི་མེད་གོ་འཕང་བརྙེས། །ལོ་དེའི་ཧོར་ཟླ་བཅུ་པ་ལ་རྒྱལ་མཁར་བརྩེ་བས་གདན་འདྲེན་ཞུས་ཏེ་ནོར་བུ་ཁྱུང་རྩེར་ཕེབས། སྡེ་པ་དཔོན་བློན་རྣམས་ལ་གསུང་ཆོས་ཀྱི་བཀའ་དྲིན་སྩལ། སྡེ་སྲིད་འདི་པ་དང་དཔོན་སློབ་འབྲེལ་བའི་ཐོག་མ་འདི་ཡིན། རྣམ་རྒྱལ་ཞེས་བྱ་བ་ཆུ་མོ་སྦྲུལ་གྱི་ལོ་ལ་སླར་ཡང་མུས་སུ་ཕྱག་ཕེབས་ཏེ། རྗེ་སེམས་དཔའ་ཆེན་པོའི་སྐུ་གདུང་ལ་མཇལ་བ་དང་ཐུགས་དགོངས་རྫོགས་པའི་ཕྱིར་དུ་མང་ཇ་འགྱེད་བཅས་ལ་སོགས་པ་ཕུན་སུམ་ཚོགས་པར་བསྒྲུབས། རྗེ་སངས་རྒྱས་དཔལ་བཟང་པ། གྲུབ་ཆེན་ཀུན་བློ་བ། ཆོས་རྗེ་བློ་རིན་པ་རྣམས་ལ་སླར་ཡང་རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་ཆོས་སྐོར་མང་པོ་གསན། དམ་པ་དེ་དག་གིས་ཀྱང་རྗེ་ཉིད་ལས་གསུང་ཆོས་ཀྱི་བདུད་རྩི་ནོད་པར་མཛད། རྒྱལ་བ་ཞེས་བྱ་བ་ཤིང་ཕོ་རྟའི་ལོ་ལ་ཡང་ནོར་བུ་ཁྱུང་རྩེར་ཕེབས་ཏེ། ཟླ་བ་བཞི་ཙམ་གྱི་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར། བར་སྐབས་སུ་རྗེ་བཙུན་གཅེན་གྱི་དྲུང་དུའང་འཇིགས་བྱེད་རོ་ལངས་བརྒྱད་སྐོར་རྭ་ལུགས་ཀྱི་དབང༌། ས་ལུགས་ཀྱི་ཕག་མོ་ཞལ་གཉིས་མའི་བྱིན་རླབས། མཻ་ཏྲི་མཁའ་སྤྱོད་ཀྱི་བྱིན་རླབས། འདོད་རྒྱལ་གྱི་རྗེས་གནང༌། རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་རྗེས་གནང༌། ཕྱག་རྡོར་ཨུ་ཙའི་རྗེས་གནང༌། དེའི་ཡི་གེ་ཇོ་ནང་པས་མཛད་པའི་ལུང༌། དྲིལ་བུ་སྐོར་གསུམ་གྱི་རྗེས་གནང༌། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་གྱི་ལུང༌། ནག་པོ་ཆེན་པོའི་ཡི་གེ་མང་པོའི་ལུང་སོགས་གསན་པར་མཛད། ཐེག་ཆེན་ཆོས་རྗེའི་ཞལ་སློབ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཆོས་