R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༩༡
[A:༩༡]རྗེ་དཔལ་ལྡན་ལེགས་པའི་དྲུང་དུ་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དགྲ་ནག་པ་ལུགས་ཀྱི་དབང༌། རྗེ་བཙུན་སྲུང་བ་ལྔའི་དབང༌། འདོད་རྒྱལ་གྱི་མན་ངག་གཞུང་དང་བཅས་པ། གྲུབ་ཆེན་ཚེམ་བུ་པ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད། དེའི་འཁྲིད་ཡིག་དཔལ་ལྡན་བླ་མ་དམ་པས་མཛད་པ་སོགས་གསུངས་པས་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་གསན་ཅེས་ཐོས། གསེར་འཕྱང་ཞེས་པ་མེ་མོ་བྱའི་ལོ་རྒྱལ་རྩེ་བས་སྤྱན་དྲངས་པའི་ཕེབས་ལམ་ངོར་ལ་མཛད་དེ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་པའི་དྲུང་དུ་དཔལ་ཀྱེ་རྡོ་རྗེའི་རྒྱུ་དུས་ཀྱི་དབང་བསྐུར་རྒྱས་པ་ཌོམ་བྷི་ཧེ་རུ་ཀའི་བྱིན་རླབས་ཉིན་སྲུང་མཚན་སྲུང་གི་བཟླས་ལུང་མན་ངག་དང་བཅས་པ། བདག་མེད་བསྟོད་འགྲེལ་གྱི་ལུང་རྣམས་གསན་ཅིང༌། དེར་བཞུགས་པའི་ཚོགས་པ་རྣམས་ལའང་ཨ་ར་པ་ཙ་ནའི་རྗེས་གནང་ལ་སོགས་པ་རང་རང་གི་འདོད་པ་དང་མཐུན་པའི་ཆོས་འབྲེལ་གྱིས་ཚིམ་པར་མཛད། དེ་ནས་རྒྱལ་རྩེར་ཕེབས་ནས་སྡེ་པ་ཡབ་སྲས་སོགས་ལ་གསུང་ཆོས་ཀྱི་བཀའ་དྲིན་སྩལ། ལོ་དེའི་སྟོན་གདན་སར་ཕྱག་ཕེབས། ཕྱག་རྫས་ཀྱི་ལྷག་མ་གོས་དར་རས་ཡུག་བརྒྱ་ཙམ་གྱིས་གཙོ་བྱས་དཔྱད་དངོས་གང་ཡོད་རྗེ་བཙུན་གཅེན་གྱི་ཕྱག་ཏུ་ཕུལ། བདག་པོ་སློབ་དཔོན་ཆེན་པོ་ཡེ་ཤེས་དབང་ཕྱུག་པ་ཚོགས་དབུས་ལ་བཞུགས་པའི་གདན་སའི་དགེ་འདུན་གཞིས་བཞུགས་གང་འདུག་ལའང་མང་ཇ་གོས་དར་ལ་སོགས་པའི་འགྱེད་བཅས་ཕུན་སུམ་ཚོགས་པ་གནང༌། རྟེན་གསུམ་རྣམས་ཀྱི་དྲུང་དུའང་མར་ཁལ་