[A:༨༩]པ་ཟང་ཟིང་གི་དངོས་པོ་སྟོབས་རབ་ཏུ་ཆེ་བ་དང་བཅས། འགལ་བ་ཞེས་བྱ་བ་ས་མོ་གླང་གི་ལོ་ལ་དབུས་སུ་ཕེབས། རྣམ་འགྱུར་ཞེས་བྱ་བ་ལྕགས་ཕོ་སྟག་གི་ལོ་ལ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་གེགས་མེད་དུ་ཕེབས་ཏེ། རྗེ་བཙུན་འཇམ་དབྱངས་ཆེན་པོ་ཡབ་སྲས་ཀྱིས་གཙོ་མཛད། གདན་ས་ཆེན་པོར་བཞུགས་པ་རྣམས་ལ་འབུལ་བ་མང་ཇ་འགྱེད་བཅས་སྟོབས་ཆེ་བ་དང༌། འཇམ་དབྱངས་གཟི་འོད་འབར་བས་ཐོག་དྲངས་བླ་མ་གོང་མའི་གཟིམས་ཁང་སོ་སོ་ན་བཞུགས་པའི་རྟེན་གསུམ་ངོ་མཚར་ཅན་རྣམས་ཀྱི་དྲུང་དུ་ཡང་ན་བཟའ། སྙན་དར། དཀར་མེ་ལ་སོགས་པའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་གསོལ་འདེབས་སྨོན་ལམ་ཡང་གནང་ངོ༌། །དེ་ནས་དགའ་བ་ཞེས་བྱ་བ་ཆུ་ཕོ་འབྲུག་གི་ལོ་ལ་ཡབ་རྗེ་བཙུན་འཇམ་དབྱངས་ཆེན་པོ་ཞིང་གཞན་དུ་བདེ་བར་གཤེགས་པའི་ཐུགས་དགོངས་རྫོགས་ཐབས་ལ་སོགས་པ་རྣམས་ཀྱང་ཕུན་སུམ་ཚོགས་པར་བསྒྲུབས་ཤིང༌། བཞི་ཐོག་བླ་བྲང་ཆོས་གཞིས་དང་བཅས་པ་ཐམས་ཅད་རྗེ་བཙུན་གཅེན་ལ་ཕུལ་ཏེ། བདག་ཉིད་བྱ་བྲལ་ཁོ་ན་ལ་ཐུགས་བསྟད། འཇམ་དབྱངས་དཀོན་མཆོག་བཟང་པོའི་དྲུང་དུ་སླར་ཡང་ངེས་པའི་དོན་གྱི་ཉིང་ཁུ་ཟབ་དོན་རྡོ་རྗེ་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་བཀའ་དྲིན་གསན་པར་མཛད་པས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རྡུལ་ཕྲ་རབས་ཀྱི་ཆོས་ལས་འདས་པ། རྟོགས་སྒོམ་ཐམས་ཅད་དང་བྲལ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཐུགས་རྒྱུད་ལ་འཁྲུངས་ཤིང་བརྟན་པ་ཐོབ་བོ། །ངེས་དོན་དཀར་པོའི་མུན་