R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༩༨
[A:༩༨]བར་གདམས་ནས་ད་ནི་ཐུན་མོང་མ་ཡིན་པ་གསང་བ་ལས་ཀྱང་ཆེས་གསང་བའི་རྣམ་ཐར་གྱི་ཆ་ཤས་འགའ་ཞིག་གླེང་བར་བྱ་སྟེ། བསྟན་པའི་མངའ་བདག་ས་ཆེན་ཀུན་སྙིང་ཞབས། །ཞིང་འདིར་ངུར་སྨྲིག་འཛིན་པའི་ཚུལ་བཟུང་ནས། །གྲུབ་པ་མཆོག་གི་རྣམ་འཕྲུལ་གྲངས་མེད་བསྟན། །ངོ་མཚར་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །དེ་ཡང་རྗེ་བཙུན་དམ་པ་འདི་ནི་དཔལ་བརྩེ་བ་ཆེན་པོ་ས་སྐྱ་པ་ཀུན་དགའ་སྙིང་པོ་དེ་ཉིད་གསང་ཆེན་ཟབ་མོའི་བསྟན་པ་སྤེལ་བ་ལ་ཆེད་དུ་དགོངས་ནས། སླར་ཡང་རང་གི་རིགས་སུ་རྣམ་པར་འཕྲུལ་པའི་གར་གྱིས་རོལ་པར་གནང་སྟེ། རྗེ་མུས་ཆེན་གྱི་དྲུང་དུ་གསུང་ཆོས་གསན་པ་ལ་ཕེབས་པའི་ཚེའང་གོང་དུ་སྨོས་པ་ལྟར། རྗེ་ས་ཆེན་གྱིས་རྣམ་ཐར་གནང་ནས་ཁྱེད་རང་གི་ཆོས་རྣམས་འདི་ན་ཡོད་པ་ཡིན་གསུང་པ་དང༌། སློབ་མ་གཞན་སུ་ལ་ཡང་མ་གནང་བའི་གསུང་ངག་རིན་པོ་ཆེ་སློབ་བཤད་ཡོངས་སུ་རྫོགས་པ་རྗེ་འདི་ཁོ་ན་ལ་གནང་ཞིང༌། སྒྲུབ་པ་ལུང་སྦྱིན་གྱི་དུས་སུའང་ཆོས་བདག་པོ་ལ་འཕྲོད་པ་ཡིན་ནོ་གསུང་པ་དང༌། མགོན་པོའི་རྟེན་བསེའི་གའུའི་ནང་ན་ཡོད་པའི་སྒྲུབ་ཐབས་ལས་སྦྱོར་གྱི་ཡི་གེ་དེང་སང་ག་ན་ཡོད་དཀར་ཆགས་སོགས་གཞན་གང་དུའང་མི་གསལ་བ་ལ། རྗེ་ཉིད་ཀྱི་གསུང་ལས། ས་ཆེན་ཟེར་བའི་བགྲེས་པོ་དེས་གཏེར་དུ་སྦས་པ་ཡིན་པ་འདུག་གསུངས་པ་དང༌། སྒོ་རུམ་དཔེ་ཁང་སོགས་ཀྱི་རྗེ་ས་ཆེན་གྱི་ཕྱག་བྲིས་གང་ཡིན་ངོ་ཐོགས་མེད་དུ་མཁྱེན་པ་ལ་རྗེ་བཙུན་རྡོ་རིང་པ་ཆེན་པོས་འདི་ལྟར་མཁྱེན་པའི་རྒྱུ་མཚན་གང་ལགས་ཞུས་པས། དེའི་རྒྱུ་མཚན་ཤིན་ཏུ་ཆེ་བ་ཞིག་ཡོད་དེ་ཙམ་གྱིས་ཆོག །གཞན་ལ་དེ་འདྲའི་སྒྲོས་ཡེ་མ་གཏོང་