R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༩༧
[A:༩༧]གདམས་པ་གནང་བ་རྣམས་ཀྱང་ཇི་སྐད་གསུང་བ་བཞིན་འགྲུབ་པ་ཤ་སྟག་བྱུང་བར་སྣང༌། མདོར་ན་སྐུ་མཐོང་བ། གསུང་ཐོས་པ། མཚན་དྲན་པ་ཙམ་གྱིས་ཀྱང་སྲིད་ཞིའི་འཇིགས་པ་མཐའ་དག་ལས་སྐྱོབ་ནུས་པའི་དབང་ཕྱུག་ཆེན་པོར་བཞུགས་པ་ཡིན་ནོ། །ཟུང་གིས་ལྷག་པའི་བཤེས་གཉེན་ཕྱོགས་ཀྱི་གྲངས། བཀའ་དྲིན་ཕུལ་བྱུང་རྗེ་བཙུན་བླ་མ་བཞི། །གསུང་ངག་ཆུ་བོ་འདུས་པའི་དམ་པ་གསུམ། །འགྲན་ཟླ་ཀུན་བྲལ་འདྲེན་མཆོག་དབང་པོ་གཉིས། །གཞན་ཡང་སྦས་པའི་རྣལ་འབྱོར་འགའ་དག་ལས། །ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་ཀུན་ནོད་ཅིང༌། །ཁྱད་པར་ས་སྐྱའི་རྗེ་བཙུན་ཡབ་སྲས་ལས། །འོངས་པའི་སྙན་བརྒྱུད་བདུད་རྩིས་ཁྱོད་ཐུགས་གཏམས། །དེ་ལྟར་ཐོས་བསམ་རྒྱ་མཚོའི་ཕ་རོལ་སོན། །དབེན་ས་ཡིད་བཞིན་སྨན་ལྗོངས་ཉམས་དགའ་བར། །གསང་ཆེན་རྟོགས་པའི་ནོར་བུ་ཅི་ཡང་ཐོབ། །བྱང་ཕྱོགས་གྲུབ་རིག་འཛིན་པའི་དེད་དཔོན་གྱུར། །བདག་ཆེན་རྡོ་རྗེ་འཆང་པོའི་རྣམ་ཐར་ཡིད་འཕྲོག་ཨུཏྤལའི་དོ་ཤལ་ཞེས་བྱ་བ་ལས། དབེན་པའི་རི་ཁྲོད་ལ་བཞུགས་ནས་ཟབ་མོའི་ཉམས་ལེན་གཙོ་བོར་མཛད་པའི་སྐབས་ཏེ་དྲུག་པའོ།། །།ཡིད་བཞིན་ཆུ་མཚོར་ངང་མོ་རྩེན་པ་བཞིན། །ཚངས་པའི་བུ་མོ་ད་དུང་བློ་མཚོར་རོལ། །ཐུན་མོང་མིན་པའི་རྟོགས་བརྗོད་འདི་སྨྲ་ཡི། གནས་གསུམ་ཌཱ་ཀིས་གནང་བའི་སྐབས་ཕྱེ་ཞིག །དམ་པའི་སྒྱུ་འཕྲུལ་རོལ་མོ་ལྷ་ཡི་རྔ། །སྐལ་བཟང་གཙུག་ཕུད་ཅན་ལ་སིམ་པ་སྟེར། །སྐྱེ་ངན་ལོག་རྟོག་ཁ་དའི་མདུན་ས་རུ། །ནམ་ཡང་སྨྲ་བར་མི་བྱ་ས་མ་ཡ། །ཞེས་གནང་བ་ནོས་ཤིང་གསང་