R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༩༩
[A:༩༩]གསུང་བ་སོགས་རྒྱུ་མཚན་དུ་མ་ལ་བརྟེན་ནས་ཐེ་ཚོམ་མེད་པར་ངེས་སོ། །ཞེས་ཁོ་བོའི་བླ་མས་ཡང་དང་ཡང་དུ་གསུང་བ་ཐོས་སོ། །དུས་ལན་གཅིག་གི་ཚེ་ཁའུའི་ཆུ་ཚན་ནང་དུ་ཐུགས་དམ་ལ་མཉམ་པར་བཞག་པའི་དུས་སུ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལྷ་བརྒྱ་ལྔ་བཅུ་རྩ་བདུན་ལག་མཐིལ་གྱི་རི་མོ་ལྟར་མངོན་སུམ་དུ་གཟིགས་ཤིང༌། དེ་ཡང་གསང་གནས་ཀྱི་ལྷ་ཚོགས་ཅུང་ཟད་མི་གསལ་ཞིང༌། སྙིང་གའི་ཐུགས་རྡོ་རྗེའི་ལྷ་ཚོགས་ཆེད་དུ་གསལ་ཞིང་འོད་ཟེར་མཐའ་ཡས་པ་འཕྲོ་བ་ཞིག་འདུག་པས་ངེད་རང་ལ་འཕྲིན་ལས་ཀྱི་བརྒྱུད་འཛིན་ཧ་ཅང་མི་མང་ཞིང་གང་ཡོད་ངེས་དོན་ལ་བློ་ཁ་ཕྱོགས་པ་ཞིག་འོང་བ་འདུག་ཅེས་རྗེ་བཙུན་རྡོ་རིང་པ་ཆེན་པོ་ལ་དངོས་སུ་གསུང་བ་གནང་ངོ༌། །འདི་ལྟ་བུ་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་ཐུན་མོང་མ་ཡིན་པའི་མན་ངག་ལས། ནང་མ་མཐོང་བར་ཕྱི་མི་མཐོང༌། །ཞེས་གསུངས་པའི་དོན། ལུས་རྩའི་དཀྱིལ་འཁོར་ལྷག་པའི་ལྷར་མཐོང་བ། ཟག་མེད་ས་དང་པོའི་བདེན་པ་མངོན་དུ་མཛད་པའི་ལྟས་ཐུན་མོང་མ་ཡིན་པར་སྣང་བས་ཤིན་ཏུ་ངོ་མཚར་བའི་རྣམ་ཐར་དུ་འདུག་གོ །སྐྱེས་ལྷས་སུ་འཇིགས་བྱེད་དྲུག་ཅུ་པའི་ཕྱག་ལེན་གྱི་འགྲིག་གནང་དུས། རྗེ་བཙུན་རྡོ་རིང་པས་གཙོ་མཛད་ལས་དག་པའི་སློབ་མ་ཁ་ཅིག་གིས་ཞལ་རས་ཀྱི་མདངས་མཐིང་ནག་ཏུ་འགྱུར་བ་གཟིགས་ཤིང༌། ལུམ་པ་ཆོས་མཛད་པས་རྗེའི་དབུ་ལ་མཐིང་གི་མདོག་ལྟ་བུའི་རྭ་སྔོ་ཟང་ངེ་འདུག་པ་མཐོང་ཞེས་གླེང༌། དེ་བཞིན་དུ་འཕན་ཡུལ་མཁར་རྩེར་འཇིགས་བྱེད་ཀྱི་དྲུག་ཅུ་པ་མཛད་དུས་གཏོར་མ་ལ་མེ་འབར་བ་ཀུན་གྱིས་མཐུན་གྲུབ་ཏུ་མཐོང༌། རྒྱལ་མཁར་རྩེར་