[A:༡༠༡]གྲོའི་དགོན་པ་དོན་གྲུབ་གླིང་དུ་བཞུགས་པའི་ཚེ་མངོན་སུམ་ཞལ་བསྟན་ནས་འཁོར་གྱི་ཚུལ་བཟུང་བའི་དམ་ཉམས་ཤིག་འདུག་འདི་ངས་སྒྲོལ་བ་ཡིན་གསུང༌། ང་ལའང་བསྐང་གསོ་ཞིག་རྩོམས་གསུང་པ་ལ་བརྟེན་ནས་ལྷ་མོའི་བསྐང་གསོ་ཁྱད་པར་ཅན་འདི་ཐུགས་རྩོམ་ཀྱང་གནང་བ་ཡིན་ནོ། །མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞབས་བཞི་པའི་སྐུ་དངོས་ཀྱང་ཞལ་གཟིགས་ནས་མགོན་པོ་འདི་དར་ནག་པོའི་ཕོད་ཀ་བཞེས་པ་ཞིག་ཡོད་ཅེས་ཡང་ཡང་གསུང་བ་དང༌། ལན་ཅིག་སྐྱེད་ལྷས་མགོན་ཁང་དུ་མགོན་པོ་འདི་བྲམ་ཟེ་དཀར་པོའི་རྣམ་པ་དར་དཀར་པོའི་གོས་ཅན་ཕྱག་གཡས་པ་ན་རྩེ་གསུམ་དང་སྙིང་འཛིན་པ། གཡོན་ན་ཐོད་ཁྲག་འཛིན་པ་ཡུམ་བཞི་དང་བཅས་པ་མངོན་སུམ་དུ་ཞལ་གཟིགས་ཏེ། དེའི་ཕྱིན་ནས་མགོན་ཁང་དེར་ཕེབས་རེས་ཀྱི་དེ་འདྲའི་རྣམ་པ་ཅན་དུ་བྱས་ནས་བསུ་བ་ལ་འབྱོན་པ་ཡིན་པ་འདུག །གཞན་ཡང་རྒྱུན་པར་གཏོར་བསྔོ་མཛད་དུས་ཆོས་སྐྱོང་འཁོར་བཅས་རྣམས་ནམ་མཁར་ཁྲ་ཆབ་བེ་བཞུགས་པ་ལ་འབུལ་བའི་གཟིགས་སྣང་ཡོང་བ་ཡིན་ཅེས་ཐོས། དམ་ཅན་པུ་ཏྲ་འཁོར་བཅས་ནི་རྒྱུན་པར་དྲུང་དུ་གནས་ནས་བྲན་ལྟར་ལས་ཀུན་བསྒྲུབ་པ་ཡིན་འདུག་པས་ལན་ཅིག་རྗེ་བཙུན་རྡོ་རིང་པ་ཆེན་པོ་ལ་རྗེའི་ཞལ་ནས་མདང་པུ་ཏྲ་འདིས་མི་ཞིག་གི་མགོ་དར་གྱིས་གྲིལ་བ་ཁུར་ནས་འུར་སྒྲ་དང་བཅས་ཏེ་སྒོ་རུམ་ལ་སོང་གསུང་བ་བྱུང་འདུག །སྐྱེད་ལྷས་སུ་སྡེ་དཔོན་འགའ་ཞིག་གིས་གཏོར་གསོས་འོངས་དུས་སྒྲུབ་ཁང་སུམ་ཅུ་རྩ་གསུམ་གྱི་སྟེང་དུ་སྔགས་པ་ནག་པོ་ཐོད་འཕྲེང་འཛིན་པ་ཞིག་གིས་མ་ཎི་བསྐུལ་བའི་འཆམས་སྟངས་བྱས་པ་ན་ཁའུའི་ལུང་པ་