[A:༡༠༠]ཕེབས་པའི་དུས་ཤིག་གི་ཚེ་འཇམ་དབྱངས་དཀོན་མཆོག་བཟང་པོ་རྩེ་ཆེན་གྱི་བླ་བྲང་ཤར་ན་སྐུ་མཚམས་ལ་བཞུགས་པ་ལ་རྗེ་འདི་ཉིད་ཀྱིས་མཇལ་དུ་ཕེབས་པས་རྗེ་ཉིད་ལྟག་སྒོར་ཕེབས་པ་ན་འཇམ་དབྱངས་ཆོས་རྗེ་རྐེད་སྒོར་བསུ་བ་ལ་བྱོན། དེའི་ཚེ་རྗེ་འདི་ཉིད་ཀྱིས་ཞབས་ས་ལ་མ་རེག་པར་ཕེབས་པ་འཇམ་དབྱངས་ཆོས་རྗེ་པས་གཟིགས་ཏེ་ས་སྐྱ་པས་གྲུབ་རྟགས་བསྟན་བྱུང་གསུང་བ་གནང༌། རྗེ་ཉིད་ལ་སྐུ་གསུང་ཐུགས་ཀྱི་ཉམས་ཀྱི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་བྱུང་བ་དེ་དུས་ཀྱི་ཕྱགས་ཕྱི་བ་རྣམས་ཀྱིས་མངོན་སུམ་དུ་མཐོང་བ་བྱུང་བ་འདུག །སྐབས་ཤིག་གི་ཚེ་བཞི་ཐོག་བླང་བྲང་དམར་པོའི་བླ་མ་མཁས་བཙུན་ཆེན་པོའི་ཐུགས་དམ་འཆམས་སྐུའི་དྲུང་དུ་མགོན་པོ་ལྷ་བརྒྱད་ཀྱི་རྟག་གཏོར་ལ་བརྟེན་པའི་བསྙེན་པ་མཛད་པའི་ཚེ་མགོན་པོ་མངོན་སུམ་དུ་ཞལ་གཟིགས་པའི་ཕྱག་དཔུང་གཡོན་གྱི་སྟེང་དུ་མེ་འབར་བ་དང༌། གཡས་པའི་གྲི་གུག་གི་ཕྱོགས་བཞིའི་རྭ་མེད་པར་རྭ་དབུས་མ་ལ་མེ་འབར་བ་ཞིག་གཟིགས་སྣང་ལ་བྱུང་བས་རིན་ཆེན་སྒང་པ་ལ་བརྟེན་པའི་གདུང་བརྒྱུད་ངེད་རང་སྐུ་མཆེད་ཀ་ཡིན་པ་འདྲ་གསུང་བའང་བུ་སློབ་གྲྭ་པ་ཀུན་ལ་གསུང་རྒྱུན་ཐོར་བུར་བྱོན། དེ་ཕྱིན་ཆད་དུས་དང་རྣམ་པ་ཐམས་ཅད་འབྲལ་མེད་དུ་ཞལ་གཟིགས་པར་འདུག །དེ་དུས་ཀྱི་མགོན་པོ་ཆེ་བའི་ཞལ་གཟིགས་ངོ་བོ་བཀོད་པའི་སྐུ་དངོས་དང་ཁྱད་པར་མེད་པའི་བྲིས་སྐུ་ཁྱད་པར་ཅན་དེ་དེང་སང་རྒྱལ་མཁར་རྩེ་ན་བཞུགས་པར་སྣང་ངོ༌། །དེ་བཞིན་དུ་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་འདིའང་སྔ་མོ་ནས་སྐབས་སྐབས་སུ་ཞལ་སྟོན་པ་ཞིག་འདུག་གསུང་བ་ཕྱགས་ཕྱི་བ་ངོས་མ་འགའ་ལ་ཕེབས་པ་དང༌། ཁྱད་པར་ཨ་