[A:༡༠༢]ཐམས་ཅད་འདར་ལིང་ལིང་འོང་གི་འདུག་གསུང་བ་དང༌། སྐྱེས་ལྷས་རྒྱལ་པོ་འདི་མགོན་པོའི་འཁོར་གྱི་རུ་འདྲེན་ཞིག་ཡིན་པ་འདྲ། ལྷ་འདྲེ་གཞན་འདི་ཚོ་སྐྱེད་ལྷས་མགོན་ཁང་གི་ནང་དུ་ཡེ་ཡོང་མི་ནུས་པར་འདུག་ནའང་ཐལ་མར་ཡོང་གིན་འདུག །སྐྱེད་ལྷས་ཀྱི་ཤིང་ཕུང་རེའི་རྩ་བ་ནའང་མགོན་པོའི་འཁོར་དུ་གཏོགས་པའི་ལྷ་འདྲེ་གདུག་པ་ཅན་སྟོབས་ཆེན་རེ་རེ་གནས་པ་ཡིན་གསུང་བ་སོགས་འོད་གསལ་གྱི་ངང་ནས་ཐམས་ཅད་ཐོགས་མེད་དུ་གཟིགས་པ་ཡིན་པ་འདུག །བསྟན་སྲུང་རྣམས་ཀྱིས་ཇི་ལྟར་བསྒོ་བའི་བཀའ་རྣམས་ཀྱང་ཐོགས་མེད་དུ་སྒྲུབ་པར་གནང་སྟེ། ལན་ཅིག་སྐྱེད་ལྷས་མགོན་ཁང་དུ་མགོན་པོ་འཁོར་བཅས་ལས་ལ་བསྐུལ་བའི་ཐུགས་དམ་ཞག་བདུན་གྱི་བར་དུ་གནང་བས་ཡུམ་ཆེན་སྲིང་མོ་བཞི་པོ་ཁྲག་གི་རལ་པ་ཤིན་ཏུ་རིང་བ་དང་བཅས་མགོན་ཁང་དུ་ཕེབས་ལས་གྲུབ་ཡོད་པས་གཏང་རག་དགོས་ཟེར་ཡུས་པའི་ཚུལ་དུ་རལ་པ་སྤྲུགས་པས་ཁྲག་འཐོར་བ་རྗེ་རང་གི་སྐུ་ལུས་ལ་ཐོར་ཐོར་ཡོང་བ་དང༌། དེ་ནས་མཚད་ཕྱིན་པ་ན་བསྒྲལ་བའི་བྱད་མ་མགོ་ལ་གསེར་གྱི་དབུ་རྒྱན་གྱོན་པ་བྱད་མདངས་མེད་ཅིང་ཅུང་ཟད་སེར་བ་ངོ་གནོང་བའི་རྣམ་པས་འདུག་པ་གཟིགས་ཤིང་ལས་མཐར་ཕྱིན་པ་གྲུབ་པ་དང༌། ཡང་དུས་ཕྱིས་གལ་ཆེ་བ་ཞིག་གི་དུས་མགོན་པོ་འཁོར་བཅས་ལས་ལ་བསྐུལ་བ་ན་ལས་དེ་མཐར་ཕྱིན་པ་གྲུབ་པའི་ཚེ་གཟིགས་སྣང་ལ་ལུང་པ་ཤིན་ཏུ་ཡངས་པ་ཞིག་གི་དཀྱིལ་ན་ཚུར་མགོན་པོ་ཉིད་མི་དཔོན་ཆེན་པོ་ཚུལ་དུ་བྱས་རྟ་ནག་པོ་ཞིག་ལ་ཆིབས། ཕྱག་གཡས་པས་མདུང་སྐོར་མཛད་ཅིང་མདུན་མ་ལེན་ན་འདི་བཞིན་ལེན་པ་ཡིན་གསུངས་ནས་ཞལ་པོ་འདོན་པའི་རྣམ་པ་མཛད་ཅིང་འབྱོན་པ་གཟིགས། སྐྱེད་ལྷས་སུ་སྐུ་