R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༠༣
[A:༡༠༣]མཚམས་དམ་པ་བཞུགས་པའི་སྐབས་ཤིག་ཏུ་འབྱུང་པོ་ཆེན་པོ་ཞིག་དགེ་བཤེས་ཀྱི་ཆས་སུ་བྱས་ཏེ་སྣམ་སྦྱར་བེར་ཐུལ་སོགས་བརྩེགས་མ་མང་རབ་གྱོན། ལག་ཏུ་གཏོར་མ་ཁྱེར། འཁོར་སྟོབས་ཆེ་བ་དང་བཅས་ཁའུའི་གཞུང་ལམ་ལ་ཞུགས་ཕྱག་འཚལ་སྒང་དུ་སླེབས་པ་ན་འཕགས་པ་བྲག་ཁུང་གི་གཏོར་ཁང་ལྡེབས་ལ་དཔལ་མགོན་ཆེན་པོའི་སྐུ་བྲམ་གཟུགས་རྗེ་རང་གི་ཕྱག་ནས་མ་ཞིག་བཀྲམ་ཡོད་པ་ལས་འོད་ཟེར་སྔོ་ནག་ཕྱོགས་མཚམས་ཀུན་ཏུ་འཕྲོ་བ་དང་དུས་མཉམ་དུ་མི་རྐང་གི་གླིང་བུའི་སྒྲ་སྐད་ཤིན་ཏུ་ཆེ་བ་དྲག་པ་ཞིག་བུས་བྱུང་བས་སྐད་ཅིག་དེ་ཉིད་ལ་བར་སྣང་ལ་སྤྲིན་ནག་པོ་འཁྲིགས་འབྱུང་པོ་ཡོད་པའི་ས་དེར་ཐོག་སེར་ཤིན་ཏུ་དྲག་པོ་དང་བཅས་བབས་སོང་བས་འབྱུང་པོ་འཁོར་བཅས་གར་སོང་ཆ་མེད་དུ་སོང་བ་བྱུང༌། དེ་དུས་ཀྱི་བྲིས་སྐུ་དེ་ཡང་རྒྱལ་མཁར་རྩེ་བ་ལ་གནང་ནས་ཡོད་དོ། །ལན་ཅིག་ནོར་བུ་ཁྱུང་རྩེར་ཕེབས་པའི་ཚེ་ཆོས་རྗེ་རྐྱང་འདུར་བ་དཔོན་སློབ་དང༌། གཟིམས་ཁང་སྟེ་འོག་ཏུ་མཛད་ནས་བཞུགས། རྗེ་དཔོན་སློབ་རྣམས་ཀྱིས་ཚོམས་ཆེན་འོག་ཏུ་ཆོས་སྐྱོང་རྣམས་ལས་ལ་བསྐུལ་བའི་རོལ་མོ་དྲག་དུ་བརྡུང་བ་མཛད་པ་ན་སྟེང་དུ་ཆོས་རྗེ་རྐྱང་འདུར་བའི་དགོངས་པ་ལ་མཚན་ཉིད་པ་རྒན་པོའི་སྐྱོན་གྱིས་བསླད་པས་རྔ་བརྡུང་བ་འདི་ལ་རང་འབྱུང་ས་ཆེན་པོ་མེད་དམ་སྙམ་བྱུང༌། དེ་ནས་ཅུང་ཟད་སོང་བའི་དུས་ཆོས་རྗེ་རྐྱང་འདུར་བའི་གཟིགས་སྣང་ལ་སྤྲུལ་པའི་མི་ནག་ཁྱི་ནག་བྱ་ནག་སོགས་ཕོ་ཉ་མང་པོས་འབྱུང་པོ་ཆེན་པོ་སྣམ་སྦྱར་ཏ་ཧུན་གསེར་མ་ཐང་ཐེབས་གྱོན་པ་དང་བཅས་པའི་སྐེ་ནས་ཞགས་པས་བཟུང༌། ལག་པ་བསྡམས་པ་ཞིག་སྐར་ཁུང་གི་མཐོངས་ཀ་ནས་ཚོམས་ཆེན་འོག་མའི་འབྲུབ་