R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༠༤
[A:༡༠༤]ཁུང་ནང་དུ་ཐོགས་མེད་དུ་ཁྲིད་སོང་བ་གཟིགས། ཞག་གཅིག་སོང་རྗེས་ཕྱིར་ཤོར་སོང༌། དགོངས་ཐུན་གྱི་ཐུགས་དམ་གྱི་ཚེ་སླར་ཡང་གོང་བཞིན་ཁྲིད་ནས་མཐུ་དང་སྟོབས་མེད་པར་དམ་ལ་ཐོགས་པ་གཟིགས་ཏེ་མི་ཕྱེད་པའི་དད་པ་ཐོབ། དེ་ཕྱིན་ཆད་རྔ་བརྡུང་ལ་ཡིད་གང་ཡོད་ཆེས་པ་བྱུང་བ་གདའ། ཡང་སྐབས་ཤིག་གི་ཚེ་རྗེ་འདི་ཉིད་རྒྱལ་རྩེ་ནས་གདན་ས་ཕྱོགས་ལ་ཕེབས་པའི་དུས་ཁོང་པའི་རྣལ་ལམ་དུ་སྒོ་རུམ་གདོང་གི་ཐད་ན་ཡར་རྟ་པ་ཞིག་གི་སྣ་ལ་ཨ་ཙ་ར་དུང་ལོང་ཅན་ཞིག་གིས་བྱས་བྱུང་བ་རྨི་བས། སང་ཕྱགས་ཕྱི་བ་རྣམས་ལ་མདང་རྨི་ལམ་འདི་ལྟར་བྱུང་དེ་རིང་མགྲོན་པོ་སུ་འདྲ་ཞིག་འོང་ངམ་གསུངས་པའི་དེ་མ་ཐག་རྗེ་འདི་ཉིད་བདེ་བ་ཅན་དུ་ཕེབས་བྱུང་ཞེས་ཐོས་པ་དང༌། གཟིམས་དཔོན་ནམ་ཤེ་གྲོགས་མཆེད་ཀྱིས་ཕྱག་དཔེ་མགོན་པོད་ཆེན་མོ་རྒྱལ་རྩེ་ནས་བླངས་ཏེ་ས་སྐྱར་འོངས་པའི་ལམ་ཞོ་ངའི་མདར་ཆོམ་རྐུན་པ་འགའ་ཞིག་གིས་བཅོམས་ཏེ་སྡེ་པས་ཕུལ་བའི་གསོལ་ཇ་དང་བཅས་པ་ཁོང་རྣམས་ཀྱིས་ཁྱེར་ནས་ཡུལ་དུ་ཕྱིན་པ་ན་ཡུལ་དེར་མི་འདོད་པའི་ལྟས་སྣ་ཚོགས་བྱུང་ཞིང་ཁྱད་པར་དཔེ་གང་དུ་བཞག་སར་མེ་འབར་བས་ཁོང་རྣམས་ཀྱིས་ཉར་ཅག་མ་ནུས་པར་རས་རྫོང་པའི་ལག་ཏུ་བྱུང༌། དེ་ཡང་ཆོ་འཕྲུལ་སྣ་ཚོགས་བྱུང་སྟེ་རྣམ་རྟོག་གི་ངང་དུ་ཡོད་པ་ལས་རེ་ཞིག་ནས་སྨན་གྲོང་དྲུང་རྡོར་བ་དེར་བྱོན་པའི་དུས་དེ་བཞིན་གྱི་གསུང་གླེང་བྱུང་བས་རྗེའི་ཕྱག་དཔེ་ཡིན་པར་ངེས་ཏེ། རྫོང་པ་དངོས་ཀྱིས་འབུལ་མ་ནུས་པར་དྲུང་རྡོར་བ་བརྒྱུད་ནས་ཕུལ། དེ་ཕྱིན་མགོན་པོད་འདི་ཉིད་དེང་སང་བར་གྱི་བུ་ཕྱི་དང་བཅས་པ་རྣམས་ལ་མགོན་པོད་མེ་འབར་མར་གྲགས་པ་འདི་བྱུང༌། དཔལ་འཁོར་བདེ་ཆེན་དུ་གསུང་ངག་བཟབས་བཤད་གནང་བ་ཞིག་གི་