R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༠༥
[A:༡༠༥]དུས་ཐོ་རངས་ཁ་ཅིག་དཔལ་མགོན་བྲམ་ཟེའི་གཟུགས་ཀྱིས་མི་འདི་ཁ་བརྡར་དྲགས་འདུག་པས་ན་རུ་འོང་བར་འདུག་གསུང་བའི་སྣང་བ་བྱུང་བས། དེ་ནུབ་ནས་ཞག་འགའ་ཡར་གྱི་བར་ཁྲག་འཁྲུགས་ལ་བརྟེན་པའི་སྐུ་ཁམས་མི་བདེ་བ་བྱུང་བས་མགོན་པོའི་ཆོས་ལ་གཅེས་སྤྲས་བྱེད་པའི་འཁུ་ལྡོག་ཏུ་དགོངས་ནས་དེ་ལ་དམིགས་པའི་མཆོད་གཏོར་ཕུལ་བས་སྐུ་ཁམས་ལེགས་པར་དངས་པ་དང༌། ཡང་སྐབས་ཤིག་གི་ཚེ་གནས་གསར་བའི་གཞིས་རིན་ཆེན་སྒང་དུ་ཕེབས་དུས་ཁོང་རྣམས་ཀྱིས་རྩིས་མགོན་གྱི་ལྷ་མོ་ལ་བསྐང་མདོས་ཕུལ་བའི་ཚེ། རྗེ་ཉིད་ཀྱིས་ཁྱོད་ཀྱི་ལྷ་མོ་ལ་བསྐང་མདོས་ཡང་ཡང་དགོས་པ་འདི་འདྲ་སྐོག་པ་ལ་གསུངས་པས་ལྷ་མོ་དེ་ཅུང་ཟད་མ་མཉེས་པར་དེ་ནུབ་ཐོ་རངས་རྗེ་ཐུགས་དམ་ལ་བཞུགས་པའི་མདུན་དུ་ཤིན་ཏུ་འཇིགས་པའི་ཆ་ལུགས་སུ་བསྟན་ནས་བྱོན་པ་ན་བར་ཆད་བྱ་བར་ནི་མ་ནུས། རྣལ་འབྱོར་པ་ལྟ་བ་ལ་བློ་སྦྱངས་འདུག་གསུང༌། ཞལ་ཅུང་ཟད་འཛུམ་པ་དང་བཅས་ནས་དེ་ཉིད་དུ་མི་སྣང་བར་གྱུར། གཞན་ཡང་འོད་གསལ་གྱི་གཟིགས་སྣང་ལ་ཐོག་བཅས་ཀྱི་དངོས་པོས་སྒྲིབ་མི་ནུས་པར་ཇི་ལྟ་བ་ཐམས་ཅད་གཟིགས་པར་སྣང་སྟེ། ལན་ཅིག་ས་སྐྱ་བླ་བྲང་ཤར་ན་གསུང་ཆོས་གནང་བའི་དུས་རྒྱ་འདྲེ་དཔོན་གཡོག་རྣམས་ས་སྐྱའི་ཉེ་འཁོར་ན་སྒར་རྒྱབ། སྐབས་སུ་དཔོན་པོ་དེའི་ཐོག་ཏུ་གདུགས་ཉི་འོག་ཏུ་སླེབས་པ་ཙམ་བྱས། ས་སྐྱ་ལ་སྐོར་བ་ཕྱིན་ཅི་ལོག་ཐངས་རེ་བྱས་དུས་རྒྱ་འདྲེ་མི་གསད་སོགས་ཡོང་བ་ཞིག་འདུག་པ་ལ། རྗེ་ཉིད་ཀྱིས་ཐུགས་དམ་ལྟ་བའི་སྒོ་ནས་མེ་དམིགས་མང་དུ་གནང་བས་ཞག་འགའ་ནས་གསུང་ཆོས་པ་རྣམས་ཕྱིར་འགྲོ་བ་དང་མཉམ་དུ་མི་སོག་པོའི་རྣམ་པ་ཅན་འཇིགས་སུ་