[A:༡༠༦]རུང་བ་ལུས་པོ་ཀུན་ལ་མེས་ཚིག་པའི་རི་མོ་ཡོད་པ་ཞིག་རྗེའི་དྲུང་དུ་ཐོགས་མེད་དུ་བྱུང་ནས་ཞབས་དབང་ཞིག་གནང་དགོས་ཞུ་བ་ལ། ཁྱོད་སུ་ཡིན་གསུངས་པས། བདག་རྒྱ་འདྲེའི་དཔོན་འོག་མ་དྲག་ཤོས་ཡིན། ཁ་སང་ནས་ཁྱེད་ཀྱིས་དམིགས་པ་མཛད་པ་དེས་ངེད་ཐམས་ཅད་ཚིག །ད་ལན་དཔོན་པོ་ན་དྲགས་སྐུ་མདུན་དུ་ཡོང་མ་ཐུབ། ད་ངེད་རྣམས་འགྲོ་བས་ཐུགས་དམ་ཀློད་དགོས་ཟེར་འདི་ལ་ཞབས་དབང་མི་དགའ་འམ་དགོངས་ཙ་ན་ཁོས་ཞབས་འོག་ཏུ་མགོ་བཅུག་ནས་ཁྱེད་ཀྱི་སློབ་མ་བརྒྱུད་འཛིན་དང་བཅས་པ་ལ་གནོད་པ་མི་བྱེད་པའི་དམ་བཅའ་འབུལ། ཁྱེད་ནམ་སངས་རྒྱས་པའི་དུས་ང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག་ཟེར་ནས་འཇའ་ཡལ་བ་ལྟར་སོང་བ་དང༌། ཡང་རྗེ་ཉིད་ཀྱི་སློབ་མ་ཀུན་མཁྱེན་གོ་བོ་རབ་འབྱམས་པས་ས་སྐྱ་ནས་སྔོན་མོ་རྫོང་ལ་ཆོས་བར་ལ་ཐེགས་ཁར། འདོད་ཆོས་འགའི་གསོལ་བ་འདེབས་པར་མཛད་པའི་ཚེ་རྗེ་ཉིད་ཀྱི་གསུང་ནས་ད་ལོ་ཆོས་རྗེ་པ་སྐུ་ཚེ་ལ་བར་ཆད་ཅིག་ཡོང་བ་འདུག་ཅིང་དིང་སང་ས་སྐྱ་པའི་བསྟན་པ་ལ་ཁྱེད་ཤིན་ཏུ་གཅེས་པར་འདུག་པས་ད་ལན་འདི་གར་བཞུགས་ཐུགས་དམ་ཚེ་སྒྲུབ་ངེས་པ་ཅན་ཞིག་ཅིས་ཀྱང་མཛད་པ་དྲག །དེ་བར་དཔོན་སློབ་་དུ་བཞུགས་པའི་ཞབས་ཏོག་ངེད་རང་གིས་བྱེད། དེ་རྗེས་ཆོས་ཀྱང་གང་དགོས་འབུལ་གསུང་བ་གནང་དུས། ད་ལོ་ངེད་རང་ལའང་རྣམ་རྟོག་ཆེ་རབ་ཞིག་ཡོད་ནའང་གྲ་པ་ཅོགས་ཤི་འདི་རྣམས་ཀྱིས་དབང་མེད་བྱས་གསུངས་ནས་ཕེབས། སྔོན་མོ་རྫོང་དུ་ཕེབས་རྗེས་ཞིང་གཞན་དུ་གཤེགས་ཚུལ་བསྟན་པ་དང༌། ལན་ཅིག་སྐྱེད་ལྷས་ཀྱི་གཟིམས་ཁང་ཤར་འཁྲིས་ཀྱི་ཕྱིར་གསུང་ཆོས་གནང་བའི་དུས་ཆོས་ཉན་པ་རྣམས་ཚོགས་གྲུབ་