R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༠༧
[A:༡༠༧]རྗེས་དེ་རིང་ཆོས་ནང་དུ་འཆད་གསུང༌། དཔོན་སློབ་རྣམས་གློ་བུར་དུ་ནང་དུ་ཕེབས་པས་དེ་འཕྲལ་རྦ་བ་ཆེན་པོ་ཞིག་ཆོས་གྲྭར་བབས་པ་བྱུང༌། ཡང་ས་སྐྱ་ནས་དགེ་བཤེས་ཐུགས་དམ་པ་བཟང་པོར་བྱས་པ་སྐབས་སྐབས་སུ་ཁམས་འདུས་པས་གར་འགྲོ་ཆ་མེད་པ་ཞིག་ཡོད་པ་དེས་སྐྱེས་ལྷས་སུ་མཚམས་བྱས་པའི་དུས་ཡང་དོན་ནས་བཙལ་བས་ཡེ་མ་རྙེད་པར་ཁུ་བོ་ཞིག་ཡོད་པ་དེས་རྗེ་ཉིད་ཀྱི་དྲུང་དུ་རྒྱུ་མཚན་ཕུལ་བས་ཁྱོད་རང་སེམས་ཕྲལ་མ་བྱེད། ཁོང་ལ་འདི་བརྒལ་བ་ན་གྲོགས་མཆེད་ཅིག་གི་ས་ན་འཕྲད་འདུག་གསུང་པ་ལྟར་དེར་ཕྱིན་པས་དེ་ཁོ་ན་ལྟར་འདུག་པ་དང༌། གཞན་ཡང་སློབ་མ་སྦྱིན་བདག་མང་པོས་བརྟག་པ་སོགས་ཞུས་པའི་ཚེ་འདི་ལྟར་འབྱུང་ཞེས་ལུང་བསྟན་པ་རྣམས་ཇི་ལྟ་བ་བཞིན་ཐོག་ཏུ་བབས་པ་ཤ་སྟག་འབྱུང་བ་ཡིན་ཅེས་ཐོས་སོ། །གླེགས་བམ་འཛིན་པ་གོས་དཀར་དུ་ཀཱུ་ལས། །རྣམ་རོལ་བརྩེ་ཆེན་སྙིང་པོའི་ཞབས་ཅན་དེས། །རིགས་ཀྱི་ཐིག་ལེའི་དགའ་ཚལ་བསྟི་གནས་སུ། །གུར་གུམ་བླ་གོས་གསར་པའི་འདབ་འཕྲེང་བཟུང༌། །ཉི་མའི་གཉེན་གྱིས་ནཻ་རཉྫ་ནའི་འགྲམ། །རྩེ་གཅིག་བསམ་གཏན་མངོན་མཛད་ཇི་ལྟ་བར། །རྡོ་སོལ་རླབས་འཕྲེང་གཡོ་བའི་རྫིང་བུའི་ངོགས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་མངོན་དུ་གྱུར། །དེ་ལྟར་གྲུབ་དབང་པད་དཀར་མིག་ཅན་དེས། །ཏིང་འཛིན་གོམ་པ་གཅིག་གི་སྒྱུ་འཕྲུལ་གྱི། །ཟུང་འཇུག་རྡོ་རྗེའི་ས་ཆེན་ཡུད་ཀྱིས་ཐོབ། །སྟོབས་ལྡན་ལས་ཀྱི་དྲི་བཞོན་རྒྱུ་བ་ཆད། །ཚེ་གཅིག་ལུས་ལ་ཁ་བའི་རི་གསེབ་ཏུ། །ཁྱོད་ཀྱི་རྡོ་རྗེའི་ནོར་འཛིན་རྩེར་འཛེགས་པས། །བྱང་ཕྱོགས་འདི་ནི་འོག་མིན་ཆེན་པོ་ཞེས། །སྔོན་