R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༠༨
[A:༡༠༨]མེད་གཏམ་འདི་ངེས་པའི་དོན་དུ་བསྒྲགས། །མ་རུངས་གཤེད་མ་བསྟན་སྲུང་རྒྱ་མཚོའི་གཙོ། །མ་ཧཱ་ཀཱ་ལས་ཞལ་དམར་དངོས་སུ་བསྟན། །མ་མོ་ཀུན་གྱི་གཙོ་མོ་འདོད་ཁམས་མས། །མ་ལྟར་བརྩེ་བས་ཅི་གསུང་ལས་ཀུན་བསྒྲུབས། །མཐུ་ཆེན་གཉན་གྱི་མགོན་པོ་གདོང་བཞི་པ། །ཡུམ་ཆེན་ཕོ་ཉར་བཅས་པས་དུས་ཀུན་ཏུ། །དངོས་དང་རྣམ་འཕྲུལ་དུ་མས་ཞལ་བསྟན་ནས། །རྡོ་རྗེའི་བཀའ་ལུང་རྣ་བའི་རྒྱན་དུ་བླངས། །དམ་ཅན་པུ་ཏྲ་མིང་སྲིང་འཁོར་ཚོགས་བཅས། །རྣམ་རོལ་དུ་མས་ཉིན་མཚན་ཐམས་ཅད་དུ། །ཧེ་རུ་ཀཿདཔལ་ཁྱོད་ཀྱི་བཀའ་ཡི་བྲན། །མ་བསྒོས་པར་ཡང་ཐོགས་མེད་བསྒྲུབ་པར་གྱུར། །དངོས་ཀུན་བསྒྲིབ་མེད་གཟིགས་པའི་ཡེ་ཤེས་སྤྱན། །མཁའ་ལ་ཤིང་བལ་ལྟར་གཡོའི་རྫུ་འཕྲུལ་ཞབས། །གདུལ་དཀའ་མ་ལུས་འདུལ་བའི་མཐུ་སྟོབས་གཏེར། །གསུམ་བརྟེན་བསྒྲུབ་པའི་དབང་པོ་བསྟན་པའི་དཔལ། །ཁྱོད་དང་རྣལ་འབྱོར་དབང་ཕྱུག་གཉིས། །མཁས་དང་གྲུབ་པར་མཚུངས་མོད་ཀྱིས། །བི་རཱུ་རལ་པའི་ཁུར་གྱིས་བརྗིད། །ཁྱོད་ནི་ངུར་སྨྲིག་གོས་ཀྱིས་སོ། །ཡོངས་འདུའི་ཚལ་ན་ཡིད་བཞིན་བུ། །ས་ལ་གཉིས་འཐུང་མཁའ་ལ་སྤྲིན། །པད་མཚོར་དང་མོ་ཁྱོད་ཀྱི་ཞབས། །མཁས་གྲུབ་ཡོངས་ཀྱི་གཙུག་ན་རྒྱུ། །ཨེ་མ་ཧོ་དམ་པའི་རྣམ་ཐར་མ་ཡིན་སུམ་རྩེན་གཞོན་ནུ་རྒྱུ་བའི་ལམ། །ཁྱོད་ཀྱི་མཐུ་སྟོབས་རོལ་རྩེ་དམ་ཡིན་ཨྱོན་མཁན་པོའི་སྒྱུ་འཕྲུལ་གར། །སྙན་གྲགས་རྣ་བའི་བཅུད་ལེན་མ་ཡིན་སྲིད་གསུམ་ཁྱབ་པའི་ཟླ་ཤེལ་འོད། །འདི་ལྟར་བདག་གི་བརྗོད་པ་མ་ཡིན་དགེ་དབང་དཔའ་བོས་སྨྲས་ཏེ་སོང༌། བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ་ཞེས་