R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༠༩
[A:༡༠༩]བྱ་བ་ལས་གསང་བ་ལས་ཀྱང་ཆེས་གསང་བ་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་སྐབས་ཏེ་བདུན་པའོ།། །།ཤར་ཕྱོགས་རྒྱལ་པོས་གཙུག་གི་ནོར་བུས་མཆོད། །གསང་ཆེན་ཟབ་མོས་སྐལ་ལྡན་རྗེས་སུ་གཟུང༌། །དམ་ཚིག་རྫས་ཀྱི་སྒྲུབ་པ་མཐའ་རུ་ཕྱིན། །རྡོར་འཛིན་ཀུན་གྱི་གཙུག་རྒྱན་ལ་ཕྱག་འཚལ། །དེ་ནས་དགུང་ལོ་སོ་དྲུག་བ་ཞེས་པ་བསྒྱུར་བྱེད་ཅེས་བྱ་བ་ས་མོ་ཕག་གི་ལོ་ལ་རྒྱལ་མཁར་རྩེ་ནས་བདག་ཆེན་བཀྲ་ཤིས་རབ་བརྟན་དཔལ་བཟང་པོ་ཡབ་སྲས་རྣམས་ཀྱིས་སླར་ཡང་ནན་ཏན་ཆེན་པོས་སྤྱན་དྲངས་ཏེ། ཆོས་གྲྭ་ཆེན་པོར་དཔལ་འཁོར་བདེ་ཆེན་གྱི་གཙུག་ལག་ཁང་དུ་མཁན་ཆེན་བདེ་བའི་འབྱུང་གནས་པས་གཙོ་མཛད། སློབ་དཔོན་རྣམ་པ་ཆེ་བགྲེས་དོན་གཉེར་གྲ་པ་རགས་བསྡུས་བརྒྱ་དང་ལྔ་བཅུ་ཙམ་ལ་ཕག་གི་ལོ་གཞུག་ནས་བརྩམས་ཏེ་ཟླ་བ་བདུན་གྱི་བར་གསུང་ངག་རིན་པོ་ཆེས་ཐོག་དྲངས་པའི་འདོད་ཆོས་ཟབ་ཅིང་རྒྱ་ཆེ་བ་དུ་མ་ཡོངས་སུ་རྫོགས་པར་གནང་ཞིང༌། ཀུན་ལྡན་ཞེས་བྱ་བ་ལྕགས་ཕོ་བྱི་བའི་ལོའི་ནང་དུ་གྲོལ་བར་མཛད། དེ་དུས་རྒྱལ་རྩེའི་ཞལ་ངོ་ལྕམ་སྲིང་གཉིས་ལའང་ཟུར་དུ་གསུང་ངག་རིན་པོ་ཆེ་རྫོགས་པར་གནང༌། དེ་རྗེས་ས་སྐྱ་ལ་སྐོར་ཅིག་ཕེབས་སླར་ཡང་འཕར་བ་ཞེས་བྱ་བ་ལྕགས་མོ་གླང་གི་ལོ་ལ་སྡེ་པ་དེ་ཉིད་ཀྱིས་སྤྱན་དྲངས་ཏེ་བླ་བྲང་དཀར་པོར་ཕྱགས་ཕེབས། དེའི་ཚེ་ཐུན་མོང་མ་ཡིན་པའི་མན་ངག་ལས་བྱུང་བའི་ལོ་ཟླ་གཟའ་སྐར་སོགས་འཛོམ་པའི་དུས་ལ་བླ་བྲང་མགོན་ཁང་བཞེང་པའི་སྟ་གོན་གནང༌། དེ་ཡང་སྟོད་ལ་བླ་མ་བརྒྱུད་པ་དང་བཅས་པའི་མགོན་པོ་ལྕམ་དྲལ་བཀའ་སྡོད་འཁོར་བཅས་སྐུ་འབུར་དོད་དུ་གྲུབ་པ། གྲི་སྙིང་འཁོར་ལོ་དམ་