[A:༡༡༤]ལྡན་ས་སྐྱ་ནས་གདན་བཏེག་ཡར་འབྲོག་བརྒྱུད་ནས་ཕེབས་པའི་ལམ་བར་རྣམས་སུ། རྗེ་བཙུན་རྡོ་རིང་པ་ཆེན་པོས་བླ་མའི་རྣམ་པ་མཛད། རྗེ་འདི་ཉིད་ཀྱིས་དམན་པའི་ཚུལ་བཟུང་ནས་གསང་ཐབས་སུ་ནཱ་ལེནྡའི་གཟིམས་ཁང་དུ་ཕེབས། དེར་གནས་ཀྱི་གྲ་པ་ཀུན་དགའ་མགུ་ཡི་རངས་པས་རང་རང་གི་གྲ་ཁང་རྣམས་ཀྱི་སྟེང་ནས་དར་འཕྱར་རོལ་མོ་དཀྲོལ་བ་སོགས་བྱ་དགའི་རྣམ་པ་དཔག་མེད་བྱས། དེ་ནས་གཙུག་ལག་ཁང་སོགས་ཀུན་ལ་སྦྱང་བ་བགེགས་སྐྲོད་སྔོན་དུ་འགྲོ་བས། ལོ་དེའི་ཟླ་བ་གསུམ་པའི་ནང་དུ་ཚོགས་པ་སྟོང་ལྷག་ཙམ་ལ་གསུང་ངག་རིན་པོ་ཆེ་སྨིན་གྲོལ་གྱི་བཀའ་དྲིན་སྩལ་ཏེ། ཟླ་བ་དྲུག་པའི་ནང་དུ་གྲོལ་བར་མཛད་དེ་དུས་ཉིན་གཅིག་གི་ཚེ་གསུང་ཆོས་པ་རྣམས་ཚོགས་རྗེས། རྗེ་ཉིད་ཀྱི་ཞལ་ཏ་ལ་ཁྱེད་རྣམས་ཀྱི་ཁྲོད་ན་དམ་ཚིག་དང་མི་ལྡན་པའི་མི་གཉིས་འདུག་པས་ད་ལྟ་ལོང་གསུང་པའི་ཚེ། རེ་ཞིག་ཐམས་ཅད་མིག་ཕར་རིག་ཚུར་རིག་ཏུ་གྱུར། ཡང་ནན་ཏན་དུ་གསུངས་པ་ན་དེའི་ཁྲོད་ན་གཞན་ཕྱོགས་པའི་གྲ་པ་གཉིས་ལངས་ནས་བྲོས་སོང་བ་བྱུང་འདུག །དེ་རྗེས་ཁོང་རྣམས་ཀྱིས་རྗེ་ཉིད་ལ་ཆོས་གྲ་དེའི་གདན་ས་གནང་དགོས་པའི་རྒྱུ་མཚན་ཕུལ་བས། རྗེ་ཉིད་ཀྱི་གསུང་ལས། ངེད་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་ལ་བསམས་ནས་འདིར་ཡོང་བ་མ་གཏོགས། རྟ་ལས་བབས་ནས་བོང་བུ་ལ་ཞོན་པའི་དཔེ། ངེད་ས་སྐྱའི་ཁྲི་ཐོག་ན་ཡོད་པ་ལ་ཁྱེད་རྣམས་ཀྱི་གདན་སའི་གླེང་གཞི་བྱེད་པ་སྐབས་སུ་མི་བབ། དེ་བས་ཞ་ལུ་སྐུ་ཞང་ཆོས་རྗེ་མཁྱེན་རབ་པ་འདི། ཆོས་རྗེ་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་ཀྱི་ཞལ་སློབ་གཞན་དང་མི་འདྲ་བ་ཞིག་འདུག་པས་འདི་འོས་པ་འདུག་གསུངས་པས། ཁམས་པའི་མི་སྣ་རྣམས་ན་རེ། དེ་འདྲ་