[A:༡༡༥]ག་ན་ཡོད་ངེད་རྣམས་ཀྱིས་སྔར་ཚོར་མ་མྱོང༌། ཞབས་དྲུང་རང་ནས་མི་གནང་ན། མི་ཉག་གྲགས་རྡོར་བ་གདན་འདྲེན་གཏང་བ་ཡིན་ཟེར་བ་ཞུས་པས། ཁོང་གི་ཁྱེད་རྣམས་ལ་ཕན་ཐོགས་པ་ནི་མི་ཡོང༌། གང་ལྟར་ཁྱེད་རང་རྣམས་ཀྱི་འདོད་དང་བསྟུན་ལ་ཕྱིན་ཆད་ངེད་ཀྱི་རྣ་བ་མ་གཙེར་གསུང་བ་གནང་དེར་ཁོང་རྣམས་ཀྱིས་མི་ཉག་གྲགས་རྡོར་བ་གདན་འདྲེན་སྐོར་ཡང་བཏང་བས། དུས་ཆོས་ངེས་པ་ཅན་ལ་ཕེབས་པའི་ཞལ་ཤེས་བྱུང༌། དེ་མཐུན་གདན་འདྲེན་ལ་ཕྱིན་པས་སླེབ་གདོང་ལ་ཆོས་རྗེ་མི་ཉག་པ་གཤེགས་པ་དང་ཐུག་ནས་ལོག་དགོས་པ་བྱུང༌། དེས་ཐམས་ཅད་ཀྱིས་མངོན་མཁྱེན་ཐོགས་མེད་དུ་མངའ་བར་ངེས་ཤེས་སྐྱེས་ནས། སླར་ཡང་བཀའ་གང་གནང་ལ་མངོན་པར་བསྟོད་པས་བཀའ་བཀོད་བཀའ་དྲིན་བསྐྱང་དགོས་ཞེས་ནན་ཞུས་པས། ཞུ་དཀའ་སེ་བ་ཞིག་ལ་དགོངས་པ་ཁྲོལ་བ་བྱུང་ནས། ནཱ་ལེནྡ་པ་རང་གིས་མི་སྣ་དང་ལྷན་ཅིག་རྗེ་བཙུན་རྡོ་རིང་པ་ཆེན་པོ་རྐང་བཙུགས་སུ་མཁྱེན་རབ་ཆོས་རྗེ་སྤྱན་འདྲེན་པ་ལ་ཞྭ་ལུ་རི་ཕུག་ཏུ་ཕེབས། དེ་ནས་རིམ་པར་བརྒྱུད་ནས་ནཱ་ལེནྡ་དར་ཕེབས་ཟླ་བ་བདུན་པའི་ཚེས་བཅུ་བཞི་ལ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཤཱ་རིའི་བུ་རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་ཚུལ་བཟུང་བའི་མཐར། དུས་འདིར་དགའ་ལྡན་གྱི་གནས་ནས་བྱང་ཕྱོགས་ཁ་བ་ཅན་དུ་རྡོ་རྗེ་ཐེག་པའི་བསྟན་པ་སྤེལ་བ་ལ་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པའི་མཁས་གྲུབ་ཆེན་པོ་རིན་པོ་ཆེ་མཁྱེན་རབ་མཆོག་གྲུབ་དཔལ་བཟང་པོའི་ཞལ་སྔ་ནས་ཉིད། རོང་སྟོན་ཐམས་ཅད་མཁྱེན་པ་ཆེན་པོའི་ཆོས་ཀྱི་མངོན་པར་མཐོ་བའི་སེང་གེའི་ཁྲི་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཞིང༌། རྗེ་བཙུན་དམ་པ་འདིས་ཤིས་བརྗོད་མེ་