R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༣༣
[A:༡༣༣]བྱའི་དོན་གྲུབ་ནས། །གཟུགས་སྐུའི་དཀྱིལ་འཁོར་ཆོས་དབྱིངས་ངང་དུ་བསྡུས། །རྨད་བྱུང་རྟེན་མཆོག་ངོ་མཚར་བགྲང་ཡས་ཡུལ། །འཕྲིན་ལས་རྒྱུན་མི་འཆད་ལ་ཕྱག་འཚལ་ལོ། །དེ་ནས་གོང་དུ་སྨོས་པའི་སྟག་ལོ་དགུ་པ་ནས། སྲིན་པོ་ཞེས་བྱ་བ་ཤིང་མོ་ཡོས་ཀྱི་ལོ་ཟླ་བ་བཞི་པའི་བར་གདན་ས་དེ་ཉིད་དུ་བཞུགས་ནས། དབོན་ཆེན་རྣམ་པས་གཙོ་བྱས། བརྒྱ་དཔོན། བརྒྱ་འདྲ། དྲུག་ཅུ་པ་དང་བཅས་བཀའ་གྲོས་པ་རྣམས་ལ། གསོལ་ཇ་དྲོ་བར་བཟབས་མ་གནང་སྟེ། བླ་མ་གོང་མའི་གཟིམས་ཁང་འདི་རྣམས་ཞིག་གསོས་བྱས་ན། མཆོད་རྟེན་ཞིག་གསོས་བྱས་པ་དང་མཚུངས་པར་བསོད་ནམས་རྒྱ་ཆེན་པོ་ཐོབ་པ་ཡིན་ཅིང༌། ངེད་རང་གིས་མཐའ་གཅིག་ཏུ་བེད་ཆོད་པ་དཀའ་ནའང༌། ཁོའི་ལག་རྗེས་ཡིན་ཟེར་བ་ཕྱིས་སུ་མིག་ལྟོས་ལ་ཕན་རེ་བས། ཁྱེད་རྣམས་ཀྱིས་ཀྱང་ཐ་དད་ནས་ཁུར་བཞེས་དང་དོ་དམ་ཡང་དག་མཛད་དགོས་གསུང་བའི་བཀའ་གནང་ཞིང༌། རྗེ་ཉིད་ཀྱིས་ཀྱང་ཐུགས་རྩོལ་ཆེ་བར་གནང་སྟེ། བཞི་ཐོག་གཟིམས་ཁང་གི་སྟེང་འོག་ཚོགས་ཆེན་མོ་དང་བཅས་པ་རྣམས་ལ་ཞིག་གསོས་ལེགས་པར་མཛད་ཅིང༌། ཁྱད་པར་གཟིམས་ཁང་སེར་མོའི་སྟེང་འོག །སྒོ་ཁང་དང་བཅས་པ་རྣམས་ལ་སྐྱ་ཞལ། སྤོས་ཞལ། གདུང་རིས། ལོགས་རིས། ས་རྒྱན། གནམ་རྒྱན་ལ་སོགས་པ་མཐར་ཕྱིན་པ་མྱུར་བ་ཉིད་དུ་གྲུབ་པས། ཐུགས་ཚིམ་ནས་ཡོས་ལོ་ཟླ་བ་བཞི་པའི་གནམ་གང་ལ་སྐྱེད་ལྷས་སུ་ཕེབས་ཏེ། ཟླ་བ་གཉིས་ལྷག་ཙམ་གྱི་བར་སྐུ་མཚམས་ཤིན་ཏུ་དམ་པར་གནང༌། དེའི་འཇུག་ནས་སྐུ་