[A:༡༣༢]འགྲོ་འདི་བུང་བར་ཕན་བདེའི་སྦྲང་རྩི་སྦྱིན། །ཞབས་སེན་ནོར་བུའི་འོད་ཀྱི་མུ་ཐིག་འཕྲེང༌། །གང་གི་ཅོད་པན་རལ་པའི་གཙུག་རྒྱན་དུ། །འཛིན་པར་མི་བྱེད་མཁས་དང་བྱིས་པ་སུ། །བརྒྱ་བྱིན་མིག་སྟོང་ལྡན་ཡང་མཐོང་ངམ་ཅི། །ཟོལ་སྦྱོར་ལུང་དང་རྟོག་གེའི་རིགས་ཚོགས་ཀྱི། །གྱ་རྒྱུའི་ཤིང་རྟས་གྲུབ་པའི་གཞུང་ལུགས་རྣམས། །རང་འདོད་མྱ་ངམ་གླིང་དུ་དྲངས་བྱས་ནས། །དེ་ཉིད་མཁས་པའི་ཟླ་མེད་གྲུབ་མཐར་རློམ། །དེ་ནི་ཁྱོད་ཀྱི་ལུང་རིགས་གྱད་ཟུང་གིས། །སྔོན་བྱོན་བརྒྱུད་ལྡན་དམ་པའི་ཤིང་རྟའི་སྲོལ། །རྒྱ་བོད་མཁས་གྲུབ་ཡོངས་ཀྱི་ལམ་ཆེན་པོར། །བདེ་བ་དྲངས་པའི་རྒྱལ་རྔ་ལན་བརྒྱར་བརྡུངས། །མཁས་འདོད་རང་བཟོའི་དྲི་མ་དང་བྲལ་ཞིང༌། །ལྟར་སྣང་རྟོག་གེའི་དུག་ཆུས་མ་སྦགས་པ། །ཕྱོགས་མཐོང་དཔེ་ནག་ཚིག་གིས་མ་བཅིངས་པའི། །གསང་ཆེན་སྙིང་པོར་གྱུར་པའི་བསྟན་བཅོས་ནི། །བཅུ་ཕྲག་ཆུ་གཏེར་གྲངས་ཀྱིས་བསྒྱུར་བ་ཡི། །རྨད་བྱུང་ཟབ་མོའི་གླེགས་བམ་ཟ་མ་ཏོག །ཐར་འདོད་སྙིང་ལ་བདུད་རྩིའི་དཔལ་སྟེར་བ། །ཨེ་མ་ཧོ་བསོད་ནམས་བཞིན་དུ་འཕང་པར་སྩལ། །མཁྱེན་བརྩེའི་གཟི་འོད་འབར་བ་པདྨའི་གཉེན། །རྨོངས་པའི་ཚ་གདུང་འཕྲོག་པ་ཟླ་ཤེལ་དཀར། །ལེགས་བཤད་འདོད་རྒུ་སྦྱིན་པའི་ཡོངས་འདུའི་ཚལ། །ཕན་བདེའི་ལོ་ཏོག་འབྱུང་བའི་ནོར་འཛིན་ནོ། །བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ཡིད་འཕྲོག་ཨུཏྤལ་ལའི་དོ་ཤལ་ཞེས་བྱ་བ་ལས། གཙོ་བོར་མཁས་པའི་བྱ་བ་རྣམ་པ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རབ་ཏུ་གསལ་བར་མཛད་པའི་སྐབས་ཏེ་བཅུ་པའོ།། །།ཞིང་འདིར་མ་ལུས་གདུལ་