[A:༡༦༩] ལ་འཕགས་པ་དང་མཇལ། མི་རེས་པུས་མོ་ལ་བབས་ཡོན་ཏན་སློབ་གསུངས། བཅུ་དགུ་པ་ལ་འཕགས་པ་ཞི་བར་གཤེགས། ཉེར་གཅིག་པ་ལ་གོང་ལ་བྱོན། སྙན་སྒྲའི་(དགྲའི) སྟབས་ཀྱིས་སོ་ལྔ་པའི་བར་སྨན་ཚེའི་ཡུལ་
འབྱོན་དགོས་པ་ཤར། ཏི་ཤྲི་གྲགས་འོད་ཁུ་དབོན་གྱིས་ལེགས་པའི་མཚམས་སྦྱར། སོ་དྲུག་པ་ལ་འཕགས་པ་ཏི་ཤྲིའི་དབོན་པོ་ཡིན་ངེས་སུ་འདུག་པས་གདུང་རྒྱུད་སྤེལ་དགོས་ཀྱི་རྒྱལ་པོའི་ལུང་བུད། སོ་བདུན་པ་ས་ཕོ་ཁྱི་ལ་ས་སྐྱར་ཕེབས། ཆོས་དང་འཇིག་རྟེན་གྱི་འབྱོར་པས་གདན་ས་བསྐྱངས། རེ་གསུམ་པ་ཤིང་ཕོ་བྱི་བ་ལ་ཞི་བར་གཤེགས་སོ།
འདི་ཉིད་ལ་སྲས་ཀུན་དྲིལ་བཅོ་ལྔ་ཙམ་ཞིག་བྱོན་པར་སྣང་ཡང་། ཡོངས་གྲགས་སྲས་དགུ་ནི། ཏི་ཤྲི་ཀུན་བློ་ཡབ་སོ་བརྒྱད་པ་ས་མོ་ཕག་ལ་བྱོན་བཅུ་གཅིག་པ་ལ་ཏི་ཤྲི་ཐོབ། ཉེར་བཞི་པ་ཁྱི་ལོ་བོད་དུ་བསྙེན་རྫོགས་ལ་བྱོན། ཉེར་དྲུག་པ་ལ་ཡབ་གཤེགས། སྐུ་མཆེད་རྣམས་ལ་བླ་བྲང་སོ་སོར་བགོས། ཉེར་དགུ་ལ་གོང་དུ་གཤེགས་ཟེར།
མཁས་བཙུན་པ་སྐུ་མཆེད་ལ་བཞི་ཐོག་བླ་བྲང་པ་ཞེས་ཟེར་ཏེ། མཁས་བཙུན་ནམ་མཁའ་ལེགས་པ་ཡབ་ཞེ་བཞི་པ་སྦྲུལ་ལོར་བལྟམས། སོ་དགུ་ལ་གཤེགས།
གཅུང་གུ་ཤྲི་ནམ་མཁའ་རྒྱལ་མཚན་ཡབ་གཤེགས་པའི་བྱི་ལོའམ། ཡང་ན་ཆུ་མོ་བྱི་ལོ་པ་ཆོས་རྗེ་བླ་མ་དང་དགུང་མཉམ་ཡིན་ཟེར། ཉེར་གསུམ་པ་ལ་གཤེགས་སོ།
ཏི་ཤྲི་ཀུན་དགའ་ལེགས་འབྱུང་སྐུ་མཆེད་ལ་ལྷ་ཁང་བླ་བྲང་པ་ཟེར་ཏེ། གཅེན་ཏི་ཤྲི་ཀུན་དགའ་ལེགས་འབྱུང་ཡབ་ཞེ་བདུན་པ་ས་ཕོ་སྤྲེལ་ལོར་བྱོན།