[A:༦] དེ་ནས་ལྔ་བརྒྱ་ཕྲག་གཅིག་ལ་ནི་རྟགས་ཙམ་འཛིན་པ་ལས་ལུང་རྟོགས་ཀྱི་བསྟན་པ་རྣལ་མ་མེད་པས། རྟགས་ཙམ་འཛིན་པའི་ལྔ་བརྒྱ་པ་ཕྲག་གཅིག་ཅེས་བྱའོ།
འོ་ན་སྟོང་སོགས་སུ་གནས་པར་བཤད་པ་དང་མི་འགལ་ལམ་སྙམ་ན། མི་འགལ་བའི་རྒྱུ་མཚན། དེ་དག་ནི་དྲང་དོན་དགོངས་པ་ཅན་ཏེ། དེ་ཡང་དགོངས་གཞི། སྟོང་ནས་ཕྱེད་དང་སུམ་སྟོང་གི་བར་ལ་མི་གནས་པར་བཤད་པ་ནི་འབྲས་སྒྲུབ་ཀྱི་བསྟན་པ་ལ་དགོངས། ཡར་འཕེལ་ཐུག་གནས་པར་བཤད་པ་ནི། སྐུ་གདུང་དང་གླེགས་བམ་སོགས་གནས་པ་ཙམ་ལ་དགོངས། དགོས་པ་ཕྱེད་དང་སུམ་སྟོང་གི་བར་ཙམ་ལས་མི་གནས་པར་བཤད་པ་ནི་གདུལ་བྱ་སྐྱོ་བ་བསྐྱེད་དེ་ཆོས་ལ་བསྐུལ་བའི་ཆེད་དང་། ཡར་འཕེལ་ཐུག་གནས་པར་བཤད་པ་ནི། ཧ་ཅང་ཞུམ་པ་གཟེངས་བསྟོད་དེ་ཆོས་ལ་བསྐུལ་བའི་ཆེད་ཡིན་ལ། དངོས་ལ་གནོད་བྱེད་ནི་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། ཞེས་སྟོན་པ་འདས་ནས་ལོ་ཕྱེད་དང་སུམ་སྟོང་ནས་གདོང་དམར་ཅན་གྱི་ཡུལ་དུ་བསྟན་པ་དར་བར་ལུང་བསྟན་པས་གནོད་པའི་ཕྱིར་རོ།
གསུམ་པ་དེ་ཉིད་རྩིས་ཀྱིས་གཏན་ལ་ཕབ་པ་ལ་བསྟན་བཤད་གཉིས་ཀྱི་དང་པོ་ལའང་གསུམ། མཁས་པའི་བཞེད་པའི་རྣམ་གྲངས་བཀོད། རང་ཉིད་འཐད་པའི་ལུགས་སྲོལ་ངོས་གཟུང་། གཞན་གྱིས་བཏགས་པའི་རྩོད་པ་སྤོང་བའོ།
དང་པོ་ལ་བཞི། འཁྲུལ་པ་ཟད་པའི་རྗེ་བཙུན་ས་སྐྱ་པའི་ལུགས། བྱང་