[A:༡༩༤]པའི་གསལ་བྱེད་དམ་པར་གྱུར། དབུས་གཙང་གི་མཁས་གྲུབ་གོང་མའི་བསྟི་གནས་སོ་སོར། མཁས་པའི་སློབ་གྲོགས་ཧ་ཅང་མང་བ་མིན་པ་ཞིག་ལ་འཆད་རྒྱུན་བསྲིངས། རྒྱུན་འཛིན་མཁས་པ་རོང་སྟོན་སྨྲ་བའི་སེང་གེ་དང་། རེད་མདའ་པ་ཆེན་པོ། གཞོན་ནུ་རྒྱལ་མཆོག་སོགས་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ལ། འདི་ཉིད་མུས་ཆེན་སེམས་དཔའ་ཆེན་པོའི་ཉེར་བདུན་པ་ཤིང་ཕོ་རྟ་ལོར་དགའ་ལྡན་དུ་གཤེགས་ཞེས་འབྱུང་བས། རེད་མདའ་པ་ཆེན་པོ་ཞི་བར་གཤེགས་པའི་ཆུ་ཕོ་འབྲུག་གི་ཡང་ཕྱི་མའི་རྟ་ལོ་དེ་ཡིན་པར་སེམས་སོ།
དེས་ན་མཁན་ཆེན་གཡག་པས་དོན་ལྔ་བཞུགས་ཏེ། ལྕགས་ཕོ་སྟག་ལ་བལྟམས་ནས་ཤིང་རྟ་ལ་གཤེགས་པས་སོ།
སུམ་སྟོང་བཞི་བརྒྱ་དང་བརྒྱད་ཅུ་འདས་པའི་གྱ་གཅིག་པ་ས་ཕོ་བྱི་
སྤྱི་ལོ་༡༣༤༨
ལོ་མཉམ་མེད་རེད་མདའ་པ་ཆེན་པོ་བོད་ཀྱི་བློན་པོ་མགར་སྟོང་བཙན་གྱི་རྒྱུད་དུ། དཔལ་ལྡན་ས་སྐྱ་དང་ཁད་ཉེ་བའི་རེད་མདའ་ཁབ་སོར་བྱོན། གཉག་དབོན་ལས་ལོ་བདུན་གྱིས་གཞོན་ནོ། ཐེག་ཆེན་ཆོས་རྗེ་ལས་ལོ་གཅིག་གིས་བགྲེས། ལོ་བཅོ་བརྒྱད་པ་ལ་ས་བཟང་མ་ཏིའི་དྲུང་དུ། ཚིགས་སྔ་མ་གཉིས་ནོད་དེ་མཚན་གཞོན་ནུ་བློ་གྲོས་ཞེས་གསོལ། ཐོག་མར་དཔལ་ལྡན་ས་སྐྱར། མཁས་པ་ཉ་དབོན་དང་། མཁན་ཆེན་སངས་རྒྱས་འཕེལ་བའི་དྲུང་དུ་ཚད་མ། དཔལ་ལྡན་བླ་མ་དམ་པའི་དྲུང་དུ་ཕར་ཕྱིན། ལོ་ཆེན་བྱང་རྩེ་ལས་མངོན་པ་གོང་འོག། རྒྱལ་སྲས་པའི་དྲུང་དུ་བློ་སྦྱོང་། མདོག་ལོ་པ་མཁན་ཆེན་ཀུན་དགའ་དཔལ་ལས་བསྙེན་པར་རྫོགས་ཤིང་། འདུལ་བ་གསན། མཁན་པོས་སྟོད་འདུལ་གྱི་སྡོམ་རྒྱུད་འདི་མ་ཆད་ཅིག་གནང་དགོས་ཞེས་བཀའ་སྩལ་ཕེབས་ཟེར་མོད། སྟོད་འདུལ་བའི་བཤད་རྒྱུན་མ་གཏོགས་སྡོམ་རྒྱུན་རང་དུ་