[A:༡༩༥]ཅུང་མི་འགྲོ་བར་སེམས་ཏེ། མདོག་ལོ་པས་ཆོས་རྗེ་བླ་མ་ལས་བསྙེན་པར་རྫོགས་ཤིང་། ཆོས་རྗེ་བླ་མའི་སྡོམ་རྒྱུན་ནི་ཁ་ཆེ་མཁན་པོ་ཤཱཀྱ་ཤྲཱི་ལས་བརྒྱུད་པའི་ཕྱིར་རོ། གཞན་ཡང་བླ་མ་དཔལ་ལྡན་པའི་དྲུང་དུ་ལམ་འབྲས། ལོ་ཙཱ་བ་ནམ་བཟང་། ལོ་ཙཱ་བ་གྲགས་རྒྱལ། ལོ་ཙཱ་བ་སྐྱབས་མཆོག་དཔལ་སོགས་ལས་གསང་འདུས་སོགས་ཀྱི་རྒྱུད་མན་ངག་དང་། མཁན་ཆེན་བྱང་སེང་ལ་དབུ་མ་གསན་ཞིང་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་རང་གི་རྣམ་དཔྱོད་ཀྱིས་དཔྱད་པས་དབུ་མ་ཐལ་འགྱུར་བའི་གནད་ལ་ངེས་པ་རྙེད་དེ། ངེད་དང་པོ་སློབ་གཉེར་བྱེད་དུས་དབུ་མའི་དཔེ་ཆ་གཅིག་འདུག་ཅེས་ནོར་མི་ཆེ་བར་བྱེད་པ་ལས། དེང་སང་རྩིས་སུ་བྱེད་པ་ནི་ཁོ་བོས་བསྟན་པ་ལ་བྱ་བ་བྱས་པ་ཡིན་ཞེས་དང་། ཀརྨ་པ་དཀོན་གཞོན་གྱི་གསུན་གིས། དེང་སང་མཁས་རྨོངས་ཀུན་ལ་དབུ་མ་དབུ་མ་ཟེར་བ་འདི་རེད་མདའ་པའི་དྲིན་ཡིན། དེ་གོང་ཐང་ཟག་ན་དབུ་མ་ཤི་རོ་གཅིག་ལས་གཞན་མེད་ཅེས་ཀྱང་གསུང་ཟེར་ཏེ། རྒྱུད་གསང་བ་འདུས་པ་དང་། དབུ་མ་ཐལ་འགྱུར་བའི་བསྟན་པ་ལ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན།
དེ་ཡང་མཁས་པ་འདི་སྔོན་བུ་རིན་པོ་ལ་མོས་པ་ཤིག་ཡིན་ནའང་། སློབ་དཔོན་དང་གྲོགས་ཀྱི་སྟོབས་ཀྱིས་ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་ལ་འདྲིས་ཆེ་བ་ཞིག་བྱུང་། དེ་ཉིད་ཀྱི་གྲུབ་མཐའི་རྒྱབ་བརྟེན་བཀའ་བསྟན་བཅོས་ལ་གཟིགས་རྟོག་ཚར་གསུམ་མཛད་པས་དང་པོ་ལ་གཞན་སྟོང་གི་གྲུབ་མཐའ་དེ་ནི་བཀའ་བསྟན་བཅོས་དག་གི་དགོངས་པ་ཡིན་ངེས་པ་ཤར། གཉིས་པ་ལ་སོམ་ཉི་ཟ་བ་གཅིག་བྱུང་། གསུམ་པ་ལ་མིན་པར་ངེས་ཤེས་འདྲོངས་པ་གཅིག་བྱུང་གསུང་ཟེར་བ་ནའང་། གནས་སྐབས་སོ་སོར་ཕྱེ་དགོས་སོ་ཞེས་ཁོ་བོ་ཅག་