[A:༡༩༦]
དེའི་ཚེ་ཆོས་ཀྱི་གནད་མ་རྟོགས་པར་གྲུབ་མཐའི་ཁ་འཛིན་རང་སྟོང་གཞན་སྟོང་ཞེས་པའི་མིང་ཙམ་ལ་ཞེན་པ་དག་གིས། ཆོས་སྤོང་གི་ལས་རྒྱ་ཆེར་བསགས་པར་སྣང་བ་ནི། བླུན་རྨོངས་ཁོ་ནའི་སྤྱོད་ཡུལ་ལོ། མཁས་པ་འདི་ནི་བཤད་སྒྲུབ་ཟུང་ལྡན་དུ་མཛད་དེ། བུལ་རོང་གི་དབེན་གནས་སུ་ལོ་བཅུ་གཉིས་བཞུགས་པའི་ལོ་ལྔ་རྩོད་སྒོམ་གཙོ་བོར་སྟོན་པའི་ཐུགས་དམ་ཉམས་བཞེས་ཁོ་ན་མཛད། ལོ་བདུན་སྐལ་ལྡན་གྱི་གདུལ་བྱ་བརྒྱད་ཅུ་སྐོར་ལ་ཉམས་ཁྲིད་ལེགས་བཤད་ཀྱི་དགའ་སྟོན་སྤེལ།
རྩོམ་པ་མཛད་པ་ཡང་། འཛམ་གླིང་མཛེས་པའི་རྒྱན་མཆོག་དཀའ་ཆེན་བཞི༎ རྩ་འཇུག་གཞི་གསུམ་ཐེག་ཆེན་རྒྱུད་བླ་མ༎ ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སྟེ༎ རྣམ་བཤད་མཛད་པའི་གཞུང་ལུགས་བཅུ་ཕྲག་ཅིག༎ ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་བརྒལ༎ ཅེས་པ་ལྟར་ཡིན་ལ། འཆད་པ་དབྱངས་ཀྱི་གསུང་ལས་སྐྱེས་པའི་སློབ་མའི་གྲངས་ཀྱང་། གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན༎ བཀའ་བཞི་ལེགས་པར་སྨྲ་བ་བཅུ་ཕྲག་གཅིག༎ ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་བརྒལ༎ ཞེས་པ་ལྟར་ཏེ།
བཤེས་གཉེན་བདུན་ནི། སྦྱངས་པའི་མཆོག་གྱུར་ཀུན་མཁྱེན་ཤེར་འོད་དང་༎ སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པ་དང་༎ ལྟ་བའི་མཆོག་གྱུར་གོན་གྱོ་ཉི་མ་གྲགས༎ ཉམས་ལེན་མཆོག་གྱུར་ཀུན་དགའ་དཔལ་བཟང་པོ༎ རྩོམ་ལྡན་མཆོག་གྱུར་དཔལ་འབྱོར་ཤེས་རབ་དང་། འཆད་མཁས་མཆོག་གྱུར་བསོད་ནམས་ཤེས་རབ་དང་༎ རྩོད་བཟང་མཆོག་གྱུར་དར་མ་རིན་ཆེན་ཏེ༎ ཞེས་པ་ལྟར་ཡིན་ཞིང་བཀའ་བཅུ་བ་གཞན་ཡང་། བྱང་པ་བཀའ་བཅུ་པ་དགེ་ལེགས་དཔལ་ལ་སོགས་པའོ༎ དེ་ལྟ་བུའི་སྐྱེས་བུ་འདི་ནི། དྲུག་ཅུ་