[A:༡༩༧]རྩ་ལྔ་པ་ཆུ་ཕོ་འབྲུག་གི་ཟླ་བ་བཅུ་པའི་ཉེར་དགུའི་ཉི་ཤར་ལ་དག་པའི་ཞིང་དུ་གཤེགས་སོ།
དེས་ན་སུམ་སྟོང་བཞི་བརྒྱ་པའི་མཇུག་འདིར་བཀའ་བཞི་པ་དང་བཀའ་བཅུ་པ་ལ་སོགས་པའི་མཚན་དང་ལྡན་པའི་མཁས་གྲུབ་མང་དག་བྱུང་སྟེ། ཧོར་བཀའ་བཞི་པ་སེང་གེ་རྒྱལ་མཚན། བཀའ་བཞི་པ་ནམ་མཁའ་འོད་ཟེར་ལ་སོགས་པ་དང་། བཀའ་བཅུ་པ་ནི། རྒྱལ་ཚབ་དར་མ་མན་ཆད་ནས་བྱུང་བར་གསལ་ཏེ། དེ་ཡན་དུ་བཀའ་ཆེན་བཞིར་གྲགས་པ་དང་། དེ་བཞིའི་སྟེང་དུ་ཅི་རིགས་བསྣན་པའི་དྲུག་ཙམ་ལ་གྲ་སྐོར་མཛད་པ་ཤ་སྟག་བྱུང་བ་ཡིན་ལ། རྒྱལ་ཚབ་རྗེས་པོ་ཏི་བཅུ་ལ་བཤད་པའི་སྲོལ་བཏོད་མན་ཆད་ནས་དཀའ་བཅུ་པ་ཞེས་མཚན་གྲགས་ཤིང་། བོ་དོང་ཕྱོགས་ལས་པས་བཅོ་ལྔ་ལ་བཤད་པ་གནང་ཡང་དབོན་པོ་བཀའ་བཅུ་པ་ཞེས་པ་ཙམ་ལས་མ་བྱུང་ལ། ཕྱིས་བྱམས་ཆེན་སྨྲ་བའི་དབང་པོ་སངས་རྒྱས་འཕེལ་མན་ཆད་ནས་རབ་འབྱམས་པ་ཞེས་ཀྱང་ཡོངས་སུ་གྲགས་སོ། འོན་ཀྱང་བཀའ་པ་གཞོན་ནུ་སེང་གེ་སོགས། དེ་ཡན་དུ་ཡང་བཀའ་པའི་མཚན་ཆུང་ཞིག་གྲགས་པར་གསལ་ལོ༎
སུམ་སྟོང་བཞི་བརྒྱ་དང་གྱ་གཅིག་འདས་པའི་གྱ་གཉིས་པ་ས་མོ་གླང་
སྤྱི་ལོ་༡༣༤༩
ལ་ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་དཔལ་ས་སྐྱར་བྱོན། ཆོས་རྗེ་བླ་མ་ལས་སོ་བདུན་གྱིས་གཞོན། དེ་ཡང་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་སྲས་རྣམས་བླ་བྲང་གོ་བཞིར་གྱེས་པའི་ལྷ་ཁང་བླ་བྲང་པའི་གདུང་བརྒྱུད་དྲི་མ་མེད་པ་སྟེ། ལྷ་ཁང་བླ་བྲང་པ་ཏི་ཤྲི་ཀུན་རྒྱལ། ཡབ་བཟང་པོ་དཔལ་ཞེ་དགུ་པ་ལྕགས་ཕོ་ཁྱི་ལོར་བྱོན་པ་ཡིན་ལ། དེའི་སྲས་རྟན་དབེན་ཆོས་རྒྱན་ཡབ་ཉེར་གསུམ་པ་ཆུ་ཕོ་སྤྲེལ་ལོ་ལ་བྱོན་པ་ཡིན་ཞིང་། དེ་ཉིད་བཅོ་བརྒྱད་པའི་