[A:༡༩༨] སྲས་ཐེག་ཆེན་ཆོས་རྗེ་འདི་ཡིན་ནོ།
དེ་ཡང་དང་པོ་ས་བཟང་མ་ཏི་ལས་རབ་ཏུ་བྱུང་། ཕྱིས་ཆོས་རྗེ་བླ་མ་ལས་བསྙེན་པར་རྫོགས། གཞན་ཡང་། གངས་ཁྲོད་པ་གྲགས་པ་དཔལ། ཇོ་ནང་ཕྱོགས་ལས་སོགས་མཁས་གྲུབ་མང་དུ་བསྟེན། གསུང་ངག་གསན་པའི་བླ་མ་ཡང་། ཐོག་མར་མ་ཏི་པན་ཆེན་ལ་ས་བཟང་དགོན་པར་གསན་པ་ཡིན་མོད། དེ་ཉིད་ལ་ལམ་དུས་ཀྱི་ཆུ་རྒྱུན་ཆག་མེད་མི་བཞུགས་པས། ཕྱིས་ས་སྐྱ་ཟུར་ཁང་དུ་བུ་སྟོན་དབང་ཕྱུག་དར་ལ་གསན།
བརྒྱུད་པ་དེ་ཡང་ཆོས་རྗེ་བྲག་ཕུག་པ་ནས་བྲག་ཕུག་དཀོན་རྒྱལ། དེས་ས་སྐྱ་བུ་སྟོན་ལ་བརྒྱུད་པ་ཡིན་གྱི་ཆོས་རྗེ་བླ་མ་བརྒྱུད་པ་ལ་མི་བཞུགས་པས། ཕྱིས་ཆོས་རྗེ་བླ་མ་ལས་དངོས་སུ་ནོད་པ་མཁན་ཆེན་བྱང་སེང་ལ་གསན་པ་ཡིན་ནོ༎ ཞེས་རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་གསུངས་ལ། རྗེ་བཙུན་བློ་གསལ་རྒྱ་མཚོའི་གསུང་ལས། མཁན་ཆེན་བྱང་སེང་ལ་ཟབ་ཆོས་མང་དུ་གསན་ཡང་། གསུང་ངག་གསན་པའི་བླ་མ་ནི་སྔ་མ་གཉིས་ཁོ་ནའོ་ཞེས་གསུངས་སོ།
གང་ནའང་དབང་ཁྲིད་གདམས་པའི་སྒོ་མོ་བརྒྱ་ཕྲག་གིས་སྐལ་ལྡན་གྱི་འགྲོ་བའི་ཡིད་གསོས་པར་མཛད་དེ་མཐར་ཏཱ་མིང་རྒྱལ་པོས་སྤྱན་དྲངས་ཏེ། རེ་བཞི་པ་ཆུ་ཕོ་འབྲུག་ལ་ས་སྐྱ་ནས་ཤར་ཕྱོགས་ལ་ཕེབས། རེ་ལྔ་པ་ཆུ་མོ་སྤྲུལ་ལ་ཕོ་བྲང་གསེར་ཁང་དུ་རྒྱལ་པོ་དང་མཇལ། རྒྱལ་པོ་འཁོར་བཅས་ལ་དབང་གདམས་པའི་སྒོ་ཕྱེ། འཕགས་པ་ཏི་ཤྲི་དང་འདྲ་བར་བོད་ཆོལ་ཁ་གསུམ་ཡང་འབུལ་གསུངས། སླར་ཕོ་བྲང་ཏཱའི་ཏུར་བྱོན། གསེར་དངུལ་གྱི་ཐུབ་པ་ཉེ་བའི་སྲས་བརྒྱད་ཀྱིས་བསྐོར་བ་གནྡྷོ་ལ་དང་བཅས་པ་ཡང་ཕུལ། འདི་ཉིད་བྱང་ངམ་