[A:༢༢༩] སྙན་སྒྲོགས་པའི་སྙན་པས་མཚམས་སྦྱར་ཏེ། སྡོམ་པ་གསུམ་ལ་དཀའ་གནད་དཔྱོད་པའི་དྲི་བ་བརྒྱ་རྩ་བརྒྱད་པ་མཛད། ཤར་ལམ་བྱང་ངམ་རིངས་སུ་འདུས་པའི་ཚོགས་ཀྱི་བསུ་བ་བསྙེན་བཀུར་སོགས་མཛད། ཆོས་རྒྱལ་རྣམ་རྒྱལ་གྲགས་པ་ལ་དུས་འཁོར་གྱི་དབང་སོགས་གསན། སླར་གསེར་མདོག་ཅན་དུ་དྲི་ལན་གསེར་གྱི་ཐུར་མ་མཛད། ལར་འདིའི་དྲི་ལན་གྱི་བསྟན་བཅོས་བཅུ་ཕྲག་གཅིག་གི་སྒོ་ནས་ཀྱང་བསྟན་པ་དཀར་པོར་བགྱིས་པ་ལགས་སོ།
ཡོངས་འཛིན་བཅུ་ཕྲག་བཞི་ལ་གསན་པ་རྒྱ་ཆེར་མཛད། བློ་བརྟན་བཞི་པ་དང་དེའི་ཉེ་གནས་བློ་ལྡན་པའི་དྲུང་དུ་ཀ་ཙན་སྙན་ངག་སོགས་སྦྱངས་ཤིང་། ཡོངས་རྫོགས་པཎྜི་ཏ་ཆེན་པོར་འགྱུར། སྤྱིར་རིག་གནས་ལྔ་དང་། ཁྱད་པར་སྒྲ་རིག་དང་། ནང་རིག་གི་སྙིང་པོ། བཀའ་བར་མཐའ་དང་། ལུགས་གཉིས་ཀྱི་སྲོལ་ལས་བྱུང་བའི་རང་སྟོང་གཞིན་སྟོང་གི་ལྟ་བའི་གནད་ཟབ་མོ་ལ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན། ཞ་ལུ་མཁྱེན་རབ་ཆོས་རྗེས་འོད་གསལ་གྱི་ངང་ལས་བསྟན་འཛིན་ཆེན་པོ་རྣམས་ལ་གཟིགས་པ་སྩལ་བས། བྱམས་ཆེན་རབ་འབྱམས་པ། མཚན་དུས་སྒྲོན་མེ་འབར་ཏེ་ཕྱོགས་བཞིར་པོ་ཏི་བཀྲམ་སྟེ་གཟིགས་རྟོག་གནང་ཞིང་མཐའ་བྲམ་གཟུགས་ཀྱིས་བསྐོར་བ་ཞིག་གཟིགས། པཎ་ཆེན་འདི་ནི་སྐུའི་ངོ་བོ་མི་སྣང་ཞིང་། སྟེང་གི་ནམ་མཁའ་ལ་གསེར་གྱི་རྡོ་རྗེ་གཟི་འོད་འབར་བ་དང་། གཏོར་མ་ལ་མེ་འོད་འབར་བ་གཟིགས་པ་དེ་ཡང་། ལྟ་བ་ཟབ་མོ་མངའ་བའི་མཚོན་བྱེད་དོ་ཞེས་གྲགས་སོ། མངའ་རིས་འཁོར་འཕྲལ་འདུ་ཁང་རྙིང་པ་དང་། ཕྱིས་གསར་པ། མགོན་ཁང་། གོས་སྐུ་སོགས་བཞེངས་ཤིང་། བསྟན་པའི་སྦྱིན་བདག་གཙང་ཆེ་ཧོར་ཤཱཀྱ་དང་། སྒར་པ་དོན་ཡོད་རྡོ་རྗེ་དང་། སེང་གེ་རྩེ་བ་འཕགས་པ་རབ་བརྟན་སོགས་ཀྱིས་མཐུན་