[A:༢༥༦]མེད། །རིག་གནས་ཆེ་ཆུང་ཤེས་བྱའི་གནས་རྣམས་ལ། །བློ་གྲོས་རྩལ་དུ་ཐོན་ཅིག་གྲོགས་པོ་དག །ཅེས་གསུངས་པ་ལྟར། སྒྲ་རིག་པ། གཏན་ཚིགས་རིག་པ། བཟང་རིག་པ། གསོ་བ་རིག་པ། ནང་རིག་པ་སྟེ་ལྔ་པོ་ལ་ལེགས་པར་བསླབ་དགོས་པ་ཡིན་ནོ། །
འོ་ན་དེ་ལྔ་ལ་སློབ་པ་ལས་དགོས་པ་ཇི་ལྟ་བུ་སྙམ་ན། ཐ་སྙད་ཚིག་གི་ཆ་ལ་ལེགས་པར་སྦྱངས་པས། དེ་ཉིད་མཁས་པར་ཤེས་པ་ན། ཚིག་གི་ཆ་ལ་ལོག་རྟོག་ཞུགས་པ་ཐམས་ཅད་ཚར་གཅོད་པར་བྱེད་པ་དང་། མངོན་གྱུར་སོགས་དོན་གྱི་ཆ་ལ་ལེགས་པར་སྦྱངས་པས་དེའི་ཚུལ་བཞིན་དུ་ཤེས་ན་དོན་ལ་ལོག་རྟོག་ཞུགས་པ་ཐམས་ཅད་སུན་འབྱིན་ནུས་པས། རིག་གནས་དང་པོ་གཉིས་ཤེས་ན་རྒོལ་བ་ངན་པ་གཞན་དག་ཚར་གཅོད་པ་དང་། བཟོ་གནས་སྐུ་གཟུགས་ཀྱི་ཆ་ཚད་དང་། གསེར་འགྱུར་གྱི་རྩི་ལ་སོགས་པ་ཤེས་པས་སྐྱེ་བོ་འབྱོར་པ་ཅན་དང་། དབུལ་ཕོངས་རྣམས་ཀྱི་དོན་བྱེད་ཅིང་། གསོ་བ་རིག་པའི་གནས་ཚུལ་བཞིན་དུ་ཤེས་པས་སེམས་ཅན་ནད་པ་སྡུག་བསྔལ་གྱིས་ཉེན་པ་རྣམས་རྗེས་སུ་བཟུང་བའི་ཕྱིར་རིག་གནས་བར་པ་གཉིས་དང་། རང་ཉིད་ཀུན་ཤེས་མཁས་པའི་གོ་འཕང་བདེ་བླག་ཏུ་ཐོག་པར་བྱ་བའི་ཕྱིར་རིག་གནས་ལྔ་ལ་ལེགས་པར་བསླབ་དགོས་པ་ཡིན་ཏེ། གཞན་དག་ཚར་གཅོད་རྗེས་སུ་གཟུང་ཕྱིར་དང་། བདག་ཉིད་ཀུན་ཤེས་བྱ་ཕྱིར་ཞེས་གསུངས་པས་སོ། །བྱམས་མགོན་གྱི་གཞུང་འདི་ཉིད་ལ་རྗེ་བཙུན་ལོ་ཙཱ་བ་ཆེན་པོ་འགྱུར་མེད་བདེ་ཆེན་གྱི་བཞེད་པས། འཕགས་མཆོག་གིས་ཀྱང་ཞེས་པ་ནི་ཅུང་ཟད་མི་འཐད་དེ། འཕགས་མཆོག་རྣམས་ཀྱིས་རིག་གནས་ལ་སསྦྱང་མི་དགོས་ཤིང་གཞུང་འདིའི་དོན་དུ་ཡང་། ཀ་ཏནྱི་ཞེས་པ་ཅིང་ཀྱང་གི་སྐད་དོད་ཡོད་པ་ཡིན་གྱིས་