[A:༢༥༧]གིས་ཀྱང་ཞེས་པའི་སྐད་དོད་ཀྱང་མེད་པའི་ཕྱིར། དེས་ན་གཞུང་གི་འབྲུ་གཉེར་བའི་ཚེ་འཁོར་དུ་གནས་པའི་འཕགས་མཆོག་རྣམས་ལ་འཕགས་མཆོག་ཅེས་བོས་ནས། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་ན་ཅིས་ཀྱང་རིག་གནས་ལྔ་ལ་སྦྱང་དགོས་ཞེས་གསུངས། ཐམས་ཅད་མཁྱེན་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བཞེད་པས། དེ་ལྟ་བུའི་དགོས་པ་ནི་རང་གི་བློ་ཚོད་དུ། འཕགས་པ་མཆོག་གིས་རིག་གནས་ལ་སྦྱང་མི་དགོས་སོ་སྙམ་པ་ཤར་བའི་ཚོད་དཔག་ལས་ཡིན་མོད། འདིར་སྐབས་ཀྱི་འཕགས་པ་ནི་བྱང་སེམས་འཕགས་རྣམས་ཡིན་པས། དེ་རྣམས་ས་ཡོངས་སྦྱོངས་ཀྱི་སྐབས་སུ་ཤེས་བྱའི་གནས་ཐམས་ཅད་ལ་སློབ་དགོས་པར་བཤད་ཡོད་པས། འཕགས་པ་དམན་པ་ཉན་རང་ལས་ཆེས་མཆོག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔའ་སར་གནས་རྣམས་ཀྱིས་ཀྱང་ཐམས་ཅད་མཁྱེན་པ་ཐོབ་པའི་ཕྱིར་དུ་རིག་པའི་གནས་ལྔ་ལ་སློབ་དགོས་ན། སོ་སྐྱེའི་བློ་གསལ་རྣམས་ཀྱིས་རིག་གནས་ལ་སློབ་དགོས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཡིན་གསུངས་ཏེ། བླ་ན་མེད་པའི་བཤད་ཚུལ་ཡིན་ནོ། །
བྱམས་པའི་གཞུང་འདི་ཉིད་ཀྱིས་རིག་གནས་ལྔའི་གོ་རིམ་དང་། ཐོག་མར་གང་ནས་འཇུག་གི་རིམ་པ་ཡང་ལོག་སྨྲ་ཚར་གཅོད་པའི་ཡན་ལག་གཉིས་ཐོག་མར་བསྟན། དོན་གཉེར་རྗེས་སུ་འཛིན་པའི་ཡན་ལག་བར་དུ་བསྟན། ནང་རིག་པ་རྗེས་སུ་སྟོན་པར་མཛད་པ་ལས་ཚད་མར་ཅི་ཡང་མ་མཛད་པར། རིག་གནས་ཀུན་ཤེས་ལས། རིག་གནས་དང་པོ་དོན་གཉེར་རྗེས་འཛིན་ཏེ། །བསྟན་པ་གནས་ཕྱིར་དཀོན་མཆོག་གསུམ་གྱི་རྟེན། །བཞེངས་བར་འདོད་པའི་འབྱོར་ལྡན་ལྷག་བསམ་ཅན། །རྒྱལ་བས་བསྟན་འཛིན་ཉིད་དུ་ལུང་བསྟན་ཞིང་། །ཞེས་བྱ་བ་ལ་སོགས་པས་བཟོ་རིག་རིག་གནས་དང་པོར་མཛད་པ་ནི་ཅུང་ཟད་མི་