[A:༢༨༡]སུ་རེནྡ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵ་ཏ་དང་དྷརྨ་ཏ་ཤི་དང་། ལོ་ཙཱ་བ་མཁས་པར་ཚུད་པ་ཛྙཱ་ན་སེ་ན་དང་། མཉྫུ་ཤྲི་ཝརྨ་དང་། ར་ནེནྡྲ་ཤི་ལོགས་པས། ཐེག་པ་ཆེ་ཆུང་གི་ཆོས་ལས་བྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་འགྱུར་ཞིང་། ཀུན་གྱི་སློབ་ཏུ་རུང་བར་གྱིས་ཤིག །ཅེས་བཀའ་སྩལ་ནས་སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱ་ཙརྻ་བོ་དྷི་རཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉི་བཟང་དང་། བློན་པོ་ཁྲི་ཤེར་སང་ཤཱི་དང་། ལོ་ཙཱ་བ་སྙི་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨ་ནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས། མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས། ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེ་སོ་འཚལ་གྱིས་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་སྐད་འབྱུང་བ་དང་། གནའི་མཁན་པོ་ཆེན་པོ་ནཱ་གརྫུ་ན་དང་། བྷ་སུ་བནྟྲ་ལ་སོགས་པས་ཇི་ལྟར་བཤད་པ་དང་། བྱཱ་ཀ་ར་ཎའི་ལུགས་ལས་ཇི་སྐད་དུ། འདྲེན་པ་དང་ཡང་བསྟུན་ཏེ་མཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་བཀྲལ་ནས་གཏན་ཚིགས་ཀྱི་བཤད་དེ་གཞུང་དུ་བྲིས། སྐད་ཀྱང་པ་བཤད་མི་འཚལ་བ་སྒྲ་ཇི་བཞིན་དུ་བསྒྱུར་བའི་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པའི་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ཏེ། བཙན་པོའི་སྤྱན་སྔར་བནྡྷེ་ཆེན་པོ་ཡོན་ཏན་དང་། བནྡྷེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པའང་འཚོགས་ཏེ། རྗེ་བློན་གདན་འཇོམས་པ་ལ་ཞུས་ཏེ། དྷརྨ་བསྒྱུར་