[A:༢༩༡]མ་རྨོངས་པས། །འཆི་མེད་སེང་གེའི་ཁེངས་པ་ཐུང་ངུར་མཛད། །ཅེས་གསུངས་སོ།
དེ་བཞིན་དུ་ཟློས་གར་གྱི་བསྟན་བཅོས་ཀྱང་པཎྜི་ཏ་སངྒ་ཤྲཱི་ལས་གཟུགས་ཀྱི་ཉི་མའི་བསྟན་བཅོས་དང་། དྷ་ར་ཏ་ལ་སོགས་པ་གསན་ཅིང་ཁོང་དུ་ཆུད་དེ། དེ་དག་གི་ཚུལ་ཕྱོགས་ཙམ་སྟོན་པ་ལ་རོལ་མོའི་བསྟན་བཅོས་ཞེས་བྱ་བ་མཛད་ཅིང་། ཉིད་ཀྱི་གསུང་ལས་ཀྱང་། །སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ། །འདི་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན། །རྒན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི། །དོན་དེ་རྟོགས་ཀྱང་དེ་ལ་ངོ་མཚར་མེད། །ཅེས་གསུངས་ཤིང་། བསྟོད་པ་མཛད་པས་ཀྱང་། སྔོན་བྱུང་ཟློས་པའི་གར་དེ་སྐད་རིགས་བཞི། །བརྡ་སྦྱོར་ལ་བྱང་རྒྱ་མཚོའི་མཐའ་ལ་སོགས། །ཚར་ཕྱིན་ཐུགས་ཆུད་ཟིན་དང་ཕམ་ཟིན་པའི། །སྒྲ་སྐད་ཀུན་གྱིས་ཁྱོད་ལ་ལུང་དུ་སྟོན། །ཅེས་གསུངས་སོ། །
དེ་བཞིན་དུ་དུས་སྦྱོར་ཤེས་པ་ཡང་། རྩིས་ཀྱི་གཞི་ལོ་ཟླ་དག་པ། ལྔ་བསྡུས། སྒྲ་གཅན། གཟའ་ལྔ། ཉི་ཟླ་གཟའ་འཛིན། དུ་མཇུག་ལ་སོགས་འཆར་བ་དང་། ནུབ་པའི་མཐའ་དང་། དེ་དག་གི་དགེ་ལེགས་ཀྱི་རྩིས་དང་། དབྱངས་འཆར་ལ་སོགས་པའི་རྩིས་རྣམས་ཀྱང་ཕུལ་དུ་ཕིན་པ་མཁྱེན་ཅིང་། དེ་དག་རྒན་པོ་རྣམས་ལ་གྲགས་ཟིན་པའི་ཕྱིར། སྲོལ་འབྱེད་ཀྱི་བསྟན་བཅོས་ནི་མ་མཛད་ལ། ལེགས་པར་གསུངས་པའི་བརྒྱུད་པའི་སྲོལ་ནི་མང་དུ་ཡོད་པ་ཡིན་ནོ། །བསྟོད་པ་མཛད་པས་ཀྱང་། རྩིས་གྲངས་རིག་པ་ཀུན་རྫོབ་རྟེན་འབྲེལ་ཆེ། ཟ་འོག་ལྟར་གཟིགས་སྲིད་པའི་ཨཱ་དརྴ། །དཀར་ནག་རྩིས་ལ་བྱང་བའི་རྣམ་རིག་གི། །གཙུག་ལག་རྒྱ་མཚོ་རི་བྱིའི་ཁྱོར་ཆུ་བཞིན། །ཞེས་གསུངས་སོ། །