[A:༢༩༤]སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་གསུངས་ཤིང་། རང་ཉིད་ཀྱི་གྲེལ་པའི་སྒོ་ནས་ཀྱང་གསལ་བར་མཛད་པ་ཡིན་ནོ། །
གནད་དེས་ན་བོད་ཡུལ་གངས་རིའི་ལྗོངས་འདིར་ཐེག་པ་གསུམ་དང་རིག་གནས་ཆ་ཤས་ཙམ་གྱིས་འགྱུར་དང་བཤད་པ་མཛད་པ་ནི་སྔོན་དུས་ཀྱང་མང་དུ་བྱུང་མོད། བདག་ཉིད་ཆེན་པོ་ས་པཎ་མ་བྱོན་གོང་དུ་ནི་རིག་གནས་རྣམ་པ་བཅུའི་སྲོལ་ཆེར་མ་དར་ལ། དཔེར་ན་ནོར་བུ་རིན་པོ་ཆེ་རྡོག་མ་ཕུལ་དུ་ཕྱིན་པ་ཡོད་ཀྱང་། དེ་ཉིད་ལ་བུག་པ་ཕུག་སྟེ། སྲད་བུ་བརྒྱུ་བའི་ལམ་མེད་ན་ལྷ་དང་མི་རྣམས་ཀྱི་མགྲིན་པའི་རྒྱན་དུ་ཅི་ཡང་བྱེད་མི་ནུས་ལ། དེ་ཉིད་ལ་བཟོ་བོ་མཁས་པས་རྡོ་རྗེ་རིན་པོ་ཆེ་སྟེ་ཕ་ལམ་གྱིས་བུག་པ་ཕུག་ཟིན་ན་དར་ལ་སོགས་པའི་སྐུད་པ་འཇམ་པོས་ཀྱང་རིན་པོ་ཆེ་རྣམས་ཕྲེང་བར་བྱས་ནས་མགྲིན་པའི་རྒྱན་དུ་བྱེད་ནུས་པ་ལྟར། བདག་ཉིད་ཆེན་པོ་རྣམ་པར་དཔྱོད་པའི་བློ་གྲོས་རྡོ་རྗེ་རིན་པོ་ཆེ་ཕ་ལམ་གྱི་ཟེགས་མས་རིག་གནས་རྣམ་བཅུའི་ནོར་བུ་བརྗོད་དོན་ལེགས་པར་འབྱེད་པའི་བུག་པའི་སྣང་བས་སྲོལ་མ་ཕྱེར་བར། ལོ་ཙཱ་བ་གཞན་མཁས་པར་རློམ་པའི་རིག་པ་སྲད་བུའི་ཚོགས་ཀྱིས་འཇུག་པ་ཐོད་པ་མིན་ན། བོད་ཀྱི་བློ་གསལ་རྣམས་ཀྱི་མགྲིན་པའི་རྒྱན་དུ་རྔོ་གར་ཡང་ཐོགས་པ་མིན་ལ། དེའི་ཕྱིར་བདག་ཉིད་ཆེན་པོས་སྲོལ་བཏོད། ཤོང་དཔང་ཡབ་སྲས་ཀྱིས་དར་ཞིང་རྒྱས་པར་མཛད་ནས། རིག་གནས་རྣམ་པ་བཅུའི་ནོར་བུའི་ཕྲེང་བས་བོད་ཀྱི་བློ་གསལ་རྣམས་ཀྱི་མགྲིན་པའི་རྒྱན་མཛེས་པར་བྱེད་པའི་ཤིང་རྟའི་སྲོལ་འབྱེད་ནི་ས་པཎྜི་