[A:༢༩༣]འདས་པ་ཞིག་གསན་ཞིང་། ཁྱད་པར་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་བཀའ་དྲིན་གྱིས། མདོ་རྒྱུད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ། ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་མངའ་བ་ཡིན་པས། དེའི་ཚུལ་རྒྱས་པར་སུ་ཞིག་གིས་བརྗོད་པར་ནུས། ཆེ་ལོང་ཙམ་བརྗོད་ན་ཡང་མང་དུ་དོགས་པས་འདིར་རྒྱས་པར་མ་སྤྲོས་ལ། དཔྱོད་ལྡན་དག་གིས་གཞན་དུ་ཤེས་པར་གྱིས་ཤིག
དེ་དག་གི་ཚུལ་སྟོན་པའི་བསྟན་བཅོས་ཀྱང་། གཞུང་ལུགས་ལེགས་བཤད། ཐུབ་པ་དགོངས་གསལ། སེམས་བསྐྱེད་ཆེན་མོ། སྡོམ་གསུམ་རབ་དབྱེ། བདག་མེད་བསྟོད་འགྲེལ་ལ་སོགས་པ་ཇི་སྙེད་ཅིག་ཡོད་པ་ཡིན་པས་བཀའ་འབུམ་དུ་ཤེས་པར་བྱའོ། དེ་བཞིན་དུ་ཉིད་ཀྱི་གསུང་ལས་ཀྱང་། བསྟན་པའི་འཇུག་དེར་བསྟན་ལ་རབ་གུས་ཤིང་། །བསྟན་པ་མཐའ་དག་བསྲུང་ཞིང་འཛིན་འདོད་པ། །ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོས་བསྟན་ལ་ཕན་ཕྱིར་འདི་སྦྱར་རོ། །ཞེས་གསུངས་ཤིང་། དེ་བཞིན་དུ་བསྟོད་པ་མཛད་པས་ཀྱང་། ཡོངས་འདུའི་ཚལ་དུ་ཀུམྦྷི་ད་ར་དང་། །འོད་ལྡན་ཚོགས་པའི་མཁའ་ནང་ཉིན་བྱེད་ལྟར། །མཁས་མང་འདུས་པའི་དུབས་ན་ཐམས་ཅད་མཁྱེན། །ཁྱོད་དང་མཚུངས་པ་སྔོན་དང་ཕྱི་མཐར་སུ། །ཞེས་གསུངས་སོ། །དེ་ལྟར་ན་རིག་གནས་རྣམ་པ་བཅུའི་སྲོལ་ལེགས་པར་ཕྱེ་ནས་གངས་རིའི་ལྗོངས་ཀྱི་བློ་གསལ་དག་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་ཆུད་ཅིང་། རིགས་པ་དང་མི་རིགས་པའི་ཚུལ་མཐའ་དག་འབྱེད་ཤེས་པ་ནི་རྗེ་བཙུན་ཉིད་ཀྱི་སྐུ་དྲིན་ཡིན་ལ། དེ་ལྟ་བུའི་རྣམ་པར་ཐར་པ་གཞན་ལ་སོན་པར་བཞེད་ནས། ཉིད་ཀྱི་གསུང་ལས། སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །