[A:༢༩༥]ཏ་ཡིན་ནོ། །ཞེས་པའི་སྙན་གྲགས་འོག་མིན་གྱི་བར་དུ་ཁྱབ་བོ་ཞེས་སྟོན་པ་ལ། བསྟོད་པ་མཛད་པས། བསིལ་སྦྱོར་སྒེག་མོ་ཐེག་གསུམ་བསྒྱུར་བཤད་ཀྱི། །སྣང་བ་ཀ་ཙ་ལི་ཏའི་གོས་ཀླུབས་ཀྱང་། །གསེར་ཞལ་མངོན་དུ་མ་འཕྱར་དེ་སྲིད་དུ། །རིག་གནས་རྒྱན་གྱི་ལང་ཚོའི་གཏམ་ཡང་ཅི། །རིན་ཐང་ཆེ་བའི་ནོར་བུ་རིག་གནས་བཅུ། །ཁྱོད་བློའི་རྡོ་རྗེས་ཡང་དག་མ་ཕུག་བར། །གཞན་རིག་སྲད་བུས་འཇུག་པ་ཐོད་མིན་ན། །བློ་གསལ་མགྲིན་པའི་རྒྱན་དུ་རྔོ་གར་ཐོགས། །དེ་སླད་འདི་ན་ཐ་སྙད་ཤིང་རྟའི་སྲོལ། །ཐོག་མར་འབྱེད་ལ་སྟོན་པ་གཉིས་པ་ཞེས། །གཅིག་ཏུ་དཀར་བའི་སྙན་གྲགས་ཨཱ་ན་ཀ །
ཕྱོགས་ཀྱི་མཛེས་མས་བརྟན་གཡོ་འཇིག་ཀྱང་བརྡུང་། །ཞེས་གསུང་པ་ཡིན་ནོ། །དེ་ལྟར་བུའི་བཀའ་དྲིན་གསབ་པ་དང་། རང་ཉིད་ཀྱང་དམ་པའི་རྗེས་སུ་འཇུག་པའི་ཕྱིར། རྗེབཙུན་ས་པཎྜི་ཏའི་གསུངས་རབ་ལ་ཐོས་བསམ་བསྒོམ་གསུམ་ཞེ་ཐག་པ་ནས་གྱིས་ཤིག་ཅེས་ཡང་ཡང་དུ་སྙིང་ནས་གདམས་པ་ཡིན་ཏེ། དེ་ལྟར་བགྱིས་པའི་བསོད་ནམས་ཀྱིས་འདི་ཕྱིའི་དོན་ཐམས་ཅད་འགྲབ་ཅིང་བསྟན་པ་ལ་ཕན་པའི་ཐོས་བསམ་བགྱིས་པས། ཐམས་ཅད་མཁྱེན་པའི་གོ་འཕང་ཡང་བདེ་བླག་ཏུ་ཐོབ་པའི་ཕྱིར། དེ་སྐད་དུ་ཡང་ཉིད་ཀྱི་གསུང་ལས། དེས་ན་སངས་རྒྱས་གསུང་རབ་དང་། །མཁས་པ་རྣམས་ཀྱིས་མཛད་པ་ཡི། །བསྟན་བཅོས་ལ་ནི་བྱིན་རླབས་ཡོད། །འདི་འདྲ་ཉན་བཤད་བྱེད་པ་ལ། །ཐོས་པ་ཞེས་ནི་བརྗོད་པ་ཡིན། །དེ་དོན་སྤྱོད་པ་བསམ་པ་ཡིན། །ནན་ཏན་གྱིས་ནི་དེ་སྒྲུབ་པ། །སྒོམ་པ་ཡིན་པར་ཤེས་པར་བྱ། །ཐོས་བསམ་སྒོམ་གསུམ་དེ་ལྟར་ཡིན། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་དང་། འདི་ལ་དགའ་བས་ཉན་དང་སེམས་རྣམས་ཀྱི། །སེམས་ལ་འཇམ་པའི་རྡོ་རྗེས་ཞུགས་ནས། ཁྱད་པར་