[A:༣༠༡]ཕྲལ་སྐད་བསླབས། འཇམ་དབྱངས་བཞི་ཐོག་པ་དང་། པཎྜི་ཏའི་བར་གྱི་ལོ་ཙཱ་མཛད་པས་ལོ་ཙཱ་བར་གྲགས།
ཉེར་གཅིག་པ་ལ་བལ་པོར་བྱོན། ར་མ་ཨཱ་ཙརྻ་དང་། མ་ཐ་ན་ཨཱ་ཙརྻ་ལ་ཙནྡྲ་པ་གསན། ས་སྐྱར་བྱོན་ཏེ། ཀ་ལཱ་པའི་འགྲེལ་པ་གཉིས་རགས་རིམ་བསྒྱུར། ཤོང་སྟོན་ལེགས་བཤད་ལྡེ་མིག་བླངས། །ལེགས་སྦྱར་སྐད་ཀྱི་གཏེར་ཁ་ཕྱེ། །སྣ་ཚོགས་གཞུང་ལུགས་རིན་ཆེན་བླངས། །ལེགས་བཤད་དགའ་སྟོན་འགྱེད་ལ་དབང་། །ཞེས་གསུངས། དགེ་ཤིང་པ་ལ་བསྟོད་པ་རྒྱས་འབྲིང་མཛད་ནས་བསྐུར་བས། དད་དེ་དངུལ་བྲེ་ཆེན་ཕུལ་བ་བསྣམས་ནས། ཡང་བལ་པོར་བྱོན། པཎྜི་ཏ་སྔ་མ་གཉིས་དང་། རྒྱ་གར་ཤར་ཕྱོགས་ཀྱི་ཙུ་ཊ་པཎྜི་ཏ་རྣམས་བསྟེན་ནས་ཀ་ལཱ་པ་སོགས་རིག་གནས་ཕྱི་མ་གསན། དགོངས་རྒྱན་སོགས་བསྒྱུར། སླར་ས་སྐྱར་ཕེབས་དུས་འཇམ་སྐྱ་བས་གཙོ་མཛད་ཀྱིས་སེར་སྦྲེང་དང་། བཀུར་སྟི་ཆེན་པོ་མཛད། བལ་པོར་ལན་བདུན་བྱོན། བལ་པོའི་པཎྜི་ཏ་ཕལ་ཆེ་བས་མན་སྙེ་དང་དགོངས་རྒྱན་སོགས་ཞུས། ས་སྐྱར་བཞི་ཐོག་པ་དང་འཇམ་སྐྱ་ལ་ལམ་འབྲས་སོགས་མང་དུ་གསན།
སོ་གཉིས་པ་ལ་གུང་ཐང་གནས་པོ་ཆེར་ཆོས་གཞིས་བཙུགས་ཏེ་གུང་ཐང་པ་བདེ་བློ་སོགས་སློབ་མའི་མཆོག་རྒྱ་མཚོ་ལྟ་བུ་འདུས་པ་ལ། དབྱར་དུས་འཁོར། དགུན་ཕར་ཚད་མངོན་གསུམ་གྱི་དུས་ཆོས་གསུངས། སྙན་པའི་གྲགས་པས་རྒྱ་གར་དང་ཧོར་ཡུལ་ཚུན་ཁྱབ། ཡ་ཚེ་དང་ཧོར་རྒྱལ་པོས་གདན་འདྲེན་བྱུང་བ་ལ་བར་ཆད་དུ་གཟིགས་ནས། སྤྲིངས་ཡིག་གོང་འོག་ཅན་གྱིས་ཡ་ཚེ་བཟློག་ཅད་པུ་དགོན་གསར་ལ་སེང་གེ་གླིང་དུ་བཏགས་ཏེ་དེར་བཞུགས་པས་ཧོར་བཟློག སྡིག་པའི་གྲོགས་པོའི་གཡོ་བ་རིང་དུ་སྤངས། །བདུད་ཀྱི་ཞགས་པའི་འཆིང་བ་