R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༠༥
[A:༣༠༥]པའི་དབང་ཕྱུག་ཏུ་མངའ་གསོལ། རྒྱལ་སྲས་པས། ལོ་ཆེན་འདི་ལ་ཞལ་ཟས་ཀྱིས་བསྙེན་བཀུར་ན་མུ་གེའི་སྐལ་པ་ལས་ཐར་གསུང་བའི་སྙན་གྲགས་ཀྱིས་རྙེད་བཀུར་མཆོད་པའི་མཚོ་བརྡོལ། ཆུ་ལ་མི་འབྱིང་། བུག་པ་ཆུང་ངུ་ལ་སྐུས་བརྟོལ། ཁང་ཆུང་དུ་མི་མང་པོ་ལ་དབང་བསྐུར་བས་རྫུ་འཕྲུལ་བསྟན། མངོན་པར་མཁྱེན་པ་མངའ། དཔལ་ལྡན་བླ་མའི་བཀས་ཨེའི་གདན་ས་མཛད། དེའི་ཕྱག་ཕྱིར་དབུས་སུ་བྱོན། སྟག་ལུང་རཏྣ་ཀཱ་རས་ལོ་ཆེན་འདིའི་ངེད་ཀྱི་དབོན་པོའི་སློབ་དཔོན་དུ་འཇོག་པར་ཞུས་པས་གནང་སྟེ། སྟག་ལུང་པ་ནམ་མཁའ་དཔལ་བཟང་ལ་དུས་འཁོར་སྒྲ་སྙན་སོགས་གནང་བས་དེའི་བཤད་རྒྱུན་དབུས་སུ་ཆེར་དར། སླར་དགས་པོར་ཆོས་རྗེ་བླ་མའི་དྲུང་དུ་བྱོན། ཀ་ལཱ་པའི་ས་རིས་ཕུལ། གཙང་ཕྱོགས་སུ་བཞུགས་ནས་དགུང་ལོ་མཐོན་པོར་གྱུར་ཀྱང་། སྤྱན་སྔ་གྲགས་འབྱུང་བས་གདན་དྲངས་ནས། ཡར་ཀླུངས། གདན་ས་ཐེལ། གུང་ཐང་རྣམས་སུ་དུས་འཁོར་སྒྲ་སྙན་གྱི་ཆོས་ཆར་ཕབ། མཁས་པ་ཀུན་ཚིམ་པར་བྱས། ཨེའི་ཆབ་ཚན་ལ་བྱོན་དུས་ཐུགས་མཁྱེན་མང་དུ་གསུངས། སྟག་ཚང་། ཤངས། འུ་ཡུག་ཉང་སྟོད་རྣམས་སུ་དུས་འཁོར་གྱི་དབང་རྒྱུད་ཁྲིད་ནང་དུ་གསུངས། གསང་ཆབ་འཐུངས་པས་ལྐུགས་པ་མང་པོ་སྨྲ་ཤེས། ཞལ་མཐོང་བ། གསུང་ཐོས་པ། གསོལ་རས་ཟོས་པ་ཙམ་གྱིས་ནད་ཐོན་པ་དང་། བྱིན་རླབས་ཞུགས་པ་མང་དུ་བྱུང་། གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་ནས་ཀ་ལཱ་པའི་འགྲེལ་པ་སློབ་ཕན་སོགས་འགྱུར་དུ་མ་མཛད། དོན་བརྒྱད་པ་ལྕགས་ཕོ་སྤྲེའུའི་ལོ་མཆུ་ཟླའི་ཉེར་གཅིག་ལ་ངོ་མཚར་བའི་རྟགས་དང་བཅས་ཏེ་གཤེགས་སོ། །