[A:༣༠༤]ས་བཟང་མ་ཏི་པཎ་ཆེན་གྱིས་ནི་ཀ་ལཱ་པའི་འགྲེལ་པ་ཤིན་ཏུ་རྒྱས་པར་མཛད་ཅིང་། རང་གི་སློབ་མ་ས་བཟང་འཕགས་པ་དང་། ལོ་ཙཱ་བ་དཔལ་ལྡན་སྨྲ་བའི་སེང་གེ་སོགས་ལ་གསུངས་ཤིང་། འཕགས་པའི་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་ཡང་སྒྲ་སྙན་ངག་ལེགས་པར་གསུངས་སོ། །
གུང་ཐང་པ་བདེ་བློས་མངའ་རིས་སུ་རིག་གནས་ལེགས་པར་སྤེལ་ཞིང་། སྙན་ངག་གི་འགྲེལ་པ་དང་གཏམ་རྒྱུད་གངྒཱའི་ཚུ་རྒྱུན་སོགས་མཛད། སློབ་མའི་མཆོག་ལོ་ཆེན་བྱང་ཆུབ་རྩེ་མོ་ནི་ཟུར་ཚོ་ཞེས་པར་ཡབ་གཞོན་ནུ་དཔལ་བཟང་། ཡུམ་དཔང་ལོའི་ལྕམ་མོ་ཡེ་ཤེས་སྨན་ནེ་གཉིས་ཀྱི་སྲས་སུ་ཤིང་མོ་ཡོས་ལ་འཁྲུངས།
བདུན་པ་ལ་དཔང་ལོར་དགེ་བསྙེན་ནོད། ཤོང་གི་དབོན་པོ་ཆོས་སྐྱོང་དཔལ་ལས་རབ་ཏུ་བྱུང་།
བཅུ་དྲུག་པ་ལ་གུང་ཐང་གནས་པོ་ཆེར་དཔང་ལོ་ལ་མངོན་ཚད་གསན་ཅིང་སྦྱངས། དཔང་ལོ་ཨེའི་གདན་སར་བཞུགས་དུས་ལོ་བཞིར་རིག་གནས་ཕལ་མོ་ཆེ་ལ་སྦྱངས།
ཉེར་གསུམ་པ་ལ་འཇམ་དབྱངས་དོན་རྒྱལ་བས་མཁན་པོ། དཔང་ལོས་ལས་སློབ། ཆོས་རྗེ་བླ་མས་གསང་སྟོན་མཛད་དེ་བསྙེན་པར་རྫོགས།
ཉེར་ལྔ་པ་ལ་ལོ་ཙཱ་བ་མཁས་པར་མཁྱེན། དཔང་ལོ་ཞི་བར་མ་གཤེགས་ཀྱི་བར་ཕྱི་བཞིན་འབྲེངས་ནས་དུས་འཁོར་སོགས་ཉིད་ལ་མངའ་བའི་ཡོན་ཏན་མ་ལུས་ཐུགས་སུ་ཚུད།
དེ་ནས་བུ་སྟོན། ཆོས་རྗེ་བླ་མ། རྒྱལ་སྲས་པ་རྣམས་ལ། རྒྱུད་སྡེ་རྒྱ་མཚོའི་དབང་རྒྱུད་མན་ངག་དང་བཅས་པ་གསན། ཉམས་སུ་བཞེས་པས། གྲུབ་