[A:༣༠༦]དེའི་སློབ་མའི་མཆོག་ལོ་ཙཱ་བ་ནམ་མཁའ་བཟང་པོ། །ལོ་ཆེན་གྲགས་པ་རྒྱལ་མཚན་ཤེས་རབ་དཔལ་སོགས་མང་དུ་བྱོན་པ་ལས། ལོ་ཙཱ་བ་ནམ་མཁའ་བཟང་པོ་ནི་སྒྲ་ཚད་དུས་འཁོར་རྣམས་ལ་མཁས་པར་གྱུར་ནས། ལོ་ཆེན་གྱི་ཕྱག་ཕྱི་དང་། གནས་གཞན་དུ་ཡང་། དུས་འཁོར། ཀ་ཙན། སྙན་ངག་སྡེབ་སྦྱོར་སོགས་ལ་བཤད་པ་མང་དུ་མཛད། ལོ་ཆེན་བྱང་རྩེའི་ཕྱག་ཕྱི་མཛད་ན་ཀ་ལཱ་པའི་འགྲེལ་པ་སློབ་ཕན་ཡོངས་སུ་རྫོགས་པར་འགྱུར་བ་ལ་སོགས་པའི་ཕྱག་རྗེས་ཀྱང་ཤིན་ཏུ་ཆེ། །
ལོ་ཆེན་བྱང་ཆུབ་རྩེ་མོ་དང་། ལོ་ཆེན་ནམ་མཁའ་བཟང་པོ་གཉིས་ཆར་གྱི་སློབ་མ་ནི། བོ་དོང་པ་ཤེས་རབ་དཔལ་སྟེ། འདི་ཉིད་ཀྱིས་ར་མ་ཙནྡྲའི་འགྲེལ་པ་རྫོགས་པར་བསྒྱུར་ཅིང་རིག་གནས་བཤད་པའི་སློབ་མ་པོ་དོང་པ་རྡོ་རྗེ་རྒྱལ་མཚན་གྱིས་ཀ་ལཱ་པའི་ཨུཎ་སོགས་ཀྱི་འགྲེལ་པར་དུརྒ་སེངྷས་མཛད་པ་དང་། བྱིངས་ཀྱི་མདོ་སི་སོག་ཀྱི་མཐའ་དཔྱད་བྲམ་ཟེའི་སློབ་དཔོན་སརྦ་དྷ་རས་མཛད་པ་སོགས་འགྱུར་མང་པོ་མཛད་དོ། །
ལོ་ཆེན་གྲགས་པ་རྒྱལ་མཚན་ནི་ལོ་ཆེན་བྱང་ཆུབ་རྩེ་མོའི་རུས་དབོན་ཡིན་ཞིང་། ཉིད་ལ་ཇི་ལྟར་མངའ་བའི་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་། ཨེ་དང་གྱམ་གྱི་གདན་སར་བཞུགས་ཏེ་མདོ་རྒྱུད་རིག་གནས་ཀྱི་བཤད་པ་རྒྱ་ཆེར་སྩལ་བས། སློབ་མ་མཁས་པར་གྱུར་པ་གྲངས་ལས་འདས་པ་ཞིག་ཐོན། སྲས་ཀྱི་མཆོག་ནི་བོ་དོང་པཎ་ཆེན་ཕྱོགས་རྒྱལ་རྣམ་རྒྱལ་ཏེ་འདིས་མཁྱེན་པ་ལ་ནི་མཐའ་མེད་ཅིང་། རྩོད་པའི་སྒོ་ནས་ཀྱང་གཡག་མི་ཆོས་ཀྱི་བླ་མ། རོང་སྟོན་ཤེས་བྱ་ཀུན་རིག །རིགས་པ་སྨྲ་བ་བསོད་ནམས་སྐྱབས། མཁས་གྲུབ་དགེ་ལེགས་དཔལ་ལ་སོགས་པའི་སྤོབས་པ་བཅོམས། རྩོམ་པའི་སྒོ་ནས་དེ་ཉིད་འདུས་ཆེན་