[A:༣༡༠]སྐོར་གྱི་ཚེ་ཡང་ཆོས་འབྲེལ་ཞུ་མཁན་མང་དུ་བྱུང་།
ཡར་རེས་རྗེ་བྱང་སེམས་པའི་དྲུང་དུ་ལམ་འབྲས་དུས་འཁོར་སོགས་གསང་སྔགས་ཀྱི་ཆོས་ཚུལ་མང་དུ་གསན། དབྱར་ཤབ་དཔལ་སྡིང་དུ་སེམས་དཔའ་ཆེན་པོ་སྐད་གཉིས་སྨྲ་བ་ཐུགས་རྗེ་དཔལ་བཟང་པོའི་དྲུང་དུ་ཕེབས། ཆོས་འཁོར་བ་དང་ཐུགས་འབྲེལ་ཆེ་ཞིང་། ཁྱད་པར་མཚན་ལམ་དུ་དགེ་སློང་ཆོས་གོས་ངུར་སྨྲིག་དང་ལྡན་པ་ཁྱད་པར་ཅན་ཞིག་དང་མཇལ་བ་རྨིས་གསུངས་ནས་ཤིན་ཏུ་དགྱེས་པར་མཛད། སྔ་དྲོ་ཀ་ལཱ་པ་དང་ཕྱི་དྲོ་ཙནྡྲ་པའི་བསྟན་བཅོས་ཚུགས། རིག་གནས་འདི་ལ་སྔ་མའི་བག་ཆགས་མ་གཏོགས་སྐུ་ཚེ་འདིར་ཐུགས་རྟོག་མ་ཆུག་ཅིང་། ཡིག་ཆ་དཀོན་པ་དང་། རྣམ་རྒྱལ་འཇོམས། དུས་འཁོར་སོགས་སྔགས་དུས་མའི་སྐད་དོད་སྦྱོར་བ་དང་། ཡིག་རིགས་དུ་མ་མཁྱེན་ཡང་གར་ཡང་མ་ཕྱིན་པ་ལྟ་བུར་སོང་། ཡིག་ཆ་ཐམས་ཅད་ཐུན་བར་ལ་བྲིས། ཤོག་ལས་མཚན་མོ་བྱས། ཚ་དྲོའི་བར་ལ་གཞུང་བཟུང་། སྲོད་ཐོ་རངས་སྐྱོང་རན་མཛད་པས་ཤིན་ཏུ་བསྙེལ་བ་བྱུང་ཡང་རགས་རིམ་ཐུགས་སུ་ཆུད། སླར་ལོ་ཆེན་ཆོས་འཁོར་དུ་སྤྱན་དྲངས། ཐ་སྙད་རིག་གནས་ལྔ་ཆར་ཡོངས་སུ་རྫོགས་པར་གསན་ཅིང་མཁྱེན། སློབ་སྦྱོང་གསན་རྒྱ་དཔེ་མང་པོའི་གནང་སྦྱིན་དང་བཅས་ཏེ་རིག་གནས་ཀྱི་བསྟན་པ་གཏད། དེ་ནས་བོ་དོང་པཎ་ཆེན་དང་མཇལ། གསུང་ཆོས་མང་དུ་གསན་ཅིང་བསྔགས་པ་རྒྱ་ཆེར་མཛད། དེ་ནས་ཆོས་འཁོར་གྱི་གདན་སར་ཕེབས། འཁོར་ལོ་གསུམ་གྱི་མཛད་པས་ཡུན་རིང་དུ་བསྟན་པ་བསྐྱང་ཞིང་། ནང་དུ་ཏིང་ངེ་འཛིན་ཟབ་མོ་ལ་བརྩོན་པར་མཛད། མདོ་སྔགས་ཀྱི་བསྟན་བཅོས་མང་དུ་མཛད་ཅིང་རིག་གནས་ལ་ཡང་། ཀ་ལཱ་པའི་སྤྱི་དོན་འགྲེལ་པ། རིག་གནས་