R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༡༡
[A:༣༡༡]ཀུན་ཤེས་ཀྱི་རྩ་འགྲེལ་ལ་སོགས་པ་མང་དུ་མཛད་ཅིང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་འགྱུར་ཡང་མང་དུ་མཛད། བཤད་རྒྱུན་འཛིན་པའི་སློབ་མ་ཡང་། འུག་ཚང་རིན་པོ་ཆེ། སློབ་དཔོན་འདུལ་འཛིན་སྔོན་མོ། རྟ་ནག་རབ་འབྱམས་པ་ཤེས་རབ་ཆོས་འབྱོར། སློབ་དཔོན་དཀའ་བཅུ་པ་སྐྱེས་མཆོག །མགོན་བཟང་པ་རིན་ཆེན་རྒྱལ་མཚན་བཟང་པོ། ཀུན་དགའ་རྒྱལ་མཚན། བསམ་འགྲུབ་འོད་ཟེར་བ་སྐུ་མཆེད། རྟ་ནག་པ་ནོར་བཟང་རྒྱ་མཚོ། བྱམས་ཆེན་པ་སངས་རྒྱས་འཕེལ། སེ་ར་བ་བློ་གྲོས་སེང་གེ། ཞ་ལུ་བ་བློ་གྲོས་སེང་གེ། དགས་པོ་བློ་གྲོས་མཐའ་ཡས། སྒྲ་དུས་ལ་སྦྱངས་པ་ཀུན་དགའ་འོད་ཟེར་སོགས་མང་དུ་བྱུང་ཞིང་། ཁྱད་པར་སློབ་མའི་མཆོག་ནི་ཞ་ལུ་ལོ་ཆེན་ཡིན་ནོ། ། གསུམ་པ། མཐར་བཀའ་དྲིན་ཆེ་བ་ཞ་ལུ་ལོ་ཆེན་ཇི་ལྟར་བྱོན་པའི་ཚུལ་ནི། མཁས་པའི་འབྱུང་གནས་ཞ་ལུ་གསེར་ཁང་ཞེས་བྱ་བའི་གྲོང་ཁྱེར་དུ་ཡབ་ལུང་རྟོགས་ཀྱི་ཡོན་ཏན་དང་ལྡན་པ་འགོས་ཀྱི་རིགས་སྐུ་ཞང་པ་བསམ་འགྲུབ་དཔལ་བཟང་པོ་དང་། ཡུམ་བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་རིན་ཆེན་ཆོས་འཛོམ་ཞེས་བྱ་བའི་སྲས་སུ་ལྕགས་ཕོ་བྱི་བའི་ལོ་ལ་སྐུ་བལྟམས། མཚན་ཆོས་སྐྱོང་འབུམ་ཞེས་བྱ་བར་གསོལ། ། གཞོན་ནུའི་ཚེ་ཡང་སྔོན་གྱི་བག་ཆགས་ཀྱི་དབང་གིས། དད་བརྩོན་ཤེས་རབ་སྙིང་རྗེ་ལ་སོགས་པ་ཕུན་སུམ་ཚོགས་ཤིང་། སྐུ་རྩེད་ཀྱི་ཚེ་ཡང་ཆོས་འཆད་པ་དང་། སྒྲ་བསྒྱུར་བ་དང་། ཡི་གེ་འདྲི་བ་ལ་སོགས་པས་དུས་འདའ་ཞིང་སྐབས་འགར་ཏིང་ངེ་འཛིན་བཟང་པོ་ལ་སྙོམས་པར་འཇུག་ལ་ཡང་བྱུང་།