[A:༣༡༢]དགེ་བའི་བཤེས་གཉེན་བཀྲ་ཤིས་རིན་ཆེན་པ་ལ་བོད་ཀྱི་ཀློག་ཡིག་བསླབས་པས་སྔར་གྱི་བག་ཆཊ་ཆུང་བ་ལ་བརྟེན་ཅུང་ཟད་དཀའ་བ་ཙམ་བྱུང་།
དེ་ནས་དགུང་ལོ་ཉེར་གཉིས་ཀྱི་བར་དུ་ཁྱིམ་པའི་ཚུལ་བཟུང་ཡང་། ཐོས་པ་མང་དུ་མཛད།
ཉེར་གཉིས་པ་ལ་མཁན་པོ་འཇམ་དབྱངས་དཀོན་མཆོག་བཟང་པོ། སློབ་དཔོན་ཀུན་དགའ་དཔལ་བཟང་གི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས།
ཉེར་དྲུག་པའི་ཚེ། མཁན་པོ་དོན་གྲུབ་གྲགས་པ་དཔལ་བཟང་། ལས་ཀྱི་སློབ་དཔོན་བསོད་ནམས་གྲགས་པ། གསང་སྟོན་བསོད་ནམས་བློ་གྲོས་ལ་སོགས་པ་དད་པའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། ཉེས་ལྟུང་གི་དྲི་མ་ཐམས་ཅད་དང་བྲལ་བའི་གནས་བརྟན་ཆེན་པོར་བཞུགས་པ་ཡིན་ནོ། །
དེ་ལྟར་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ཚུལ་ཡང་། སྐུ་ཞང་དགེ་སློང་མཁན་ཆེན་ཆོས་གྲུབ། བྲག་དམར་རབ་འབྱམས་པ་བླ་མ་དོན་རིན་པ། དཀའ་བཞི་ཐུགས་རྗེ་དཔལ་བ། བཤེས་གཉེན་བཟང་པོ་བ། དགེ་འདུན་དྲུག་པ། སྙེ་མོ་སྐུ་ཞང་པ། ཏིང་འཛིན་འོད་ཟེར་བ། བསོད་ནམས་གྲགས་པ། གོང་མ་ཀུན་དགའ་ལེགས། རྡོ་རྗེ་གདན་པ་ཀུན་དགའ་དབང་ཕྱུག །གོ་རམས་བསོད་ནམས་སེང་གེ། བདག་ཆེན་བློ་གྲོས་རྒྱལ་མཚན། ཆོས་རིན་དཔའ་བ། ཆོས་གྲགས་རྒྱ་མཚོ། སྐུ་ཞང་མཁྱེན་རབ་མཆོག་གྲུང་། རབ་འབྱམས་བདེ་བཟང་པ། ཀུན་བཟང་རྩེ་པ། ཞྭ་དམར་ཅོད་པན་འཛིན་པ་བཞི་དཀའ་ཐུབ་པ་སྟག་ལུང་ནས་བླ་མ་རྣམ་པ་གསུམ། ཀུན་མཁྱེན་དོན་ཡོད་དཔལ་བ།