[A:༣༡༣]སློབ་དཔོན་ངག་དབང་གྲགས་པ། དཀོན་མཆོག་ཚུལ་ཁྲིམས། སྣར་ཐང་རས་ཆེན་ལ་སོགས་པའི་ཡོངས་སུ་འཛིན་པ་བཅུ་ཕྲག་ལྔ་བསྟེན་ནས་བོད་དུ་འགྱུར་བའི་བཀའ་དང་བསྟན་བཅོས་ཐམས་ཅད་དང་། མདོ་ཕྱོགས་ཀྱི་བཤད་ལུང་མཐའ་ཡས་པ། སྔགས་ཕྱོགས་ཀྱི་དབང་། བྱིན་རླབས། རྗེས་གནང་། རྒྱུད་བཤད། སྙིང་པོ་ཕྱུང་བའི་དོན་ཁྲིད་ལ་སོགས་པ་མཐའ་དག་ཐུགས་སུ་ཆུད་ཅིང་། བསམ་པའི་སྒྲོ་འདོགས་རྒྱ་ཆེར་བཅད་པ་ཡིན་ལ། ལྷག་པར་རིག་གནས་ཀྱི་བཤད་རྒྱུན་ཉམས་པ་ཐམས་ཅད་གསོ་བའི་ཕྱིར་དུ་སྒྲ་རིག་པ་ཆེན་པོ་གནས་བརྟན་ལེགས་པ་རྒྱལ་པོ། དཔལ་སྡིངས་སྒྲ་པ། ལོ་ཆེན་གྲགས་པ་རྒྱ་མཚོ། རྒྱ་སྟོན་ལྕགས་རི་བ་ཐར་པ་བཟང་པོ། སྟག་ཚང་ལོ་ཙཱ་བ་ཆེན་པོ་ཤེས་རབ་རིན་ཆེན། ཆག་ལོ་བཞི་པ་རྟེའུ་ར་པ་རིན་ཆེན་ཆོས་ཀྱི་རྒྱལ་པོ། དྭགས?དགས་པོ་པཎ་ཆེན་སོགས་མཁས་པ་མང་དུ་བསྟེན་ནས་ཐ་ན་ཡིག་རིགས་མི་འདྲ་བ་སྣ་ཚོགས་པ་ནས་བཟུང་སྟེ། སྒྲ་དང་། སྙན་ངག་དང་། སྡེབ་སྦྱོར་དང་། མངོན་བརྗོད་དང་། ཟློས་གར་ཏེ་ཐ་སྙད་སྡེ་ལྔ་པོ་འདི་དག་ལ་འཕགས་ཡུལ་ནས་འགྱུར་ཟིན་པའི་གཞུང་ཆེན་པོ་འགྲེལ་པ་དང་བཅས་པ་མཐའ་དག་དང་། མ་འགྱུར་བ་མང་པོ་རྒྱ་དཔེའི་སྟེང་དུ་གཏན་ལ་ཕབ། མདོར་ན་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད་དེ། ཇི་སྙེད་པའི་གནས་ཐམས་ཅད་མ་འདྲེས་པར་སོ་སོར་འཆད་པའི་ནུས་པ་ཐོབ། རིག་པའི་གནས་ཀྱི་བསྟན་པ་རིན་པོ་ཆེའི་བདག་པོ་གཅིག་པུ་པར་གྱུར་པ་ཡིན་ནོ། །
ལྷག་པར་སྟག་ཚང་ལོ་ཆེན་གྱི་དྲུང་དུ་ཀ་ལཱ་པའི་སྤྱི་ཊཱིཀྲ། ཉེར་མཁོའི་མདོ་སོ་སོ་འགྲེལ་པ་དང་བཅས་པ། རིག་གནས་ཕྱི་མ་བཞིའི་ཟབ་བཤད། ཉིད་ཀྱིས་མཛད་པའི་བསྟན་བཅོས་མཐའ་དག་གི་བཤད་ལུང་ཡོངས་སུ་རྫོགས་པར་