[A:༣༡༤]ཞུས། ཐུགས་དགེས་པ་ཆེན་པོས་རྗེས་སུ་བཟུང་ཞིང་རིག་གནས་ཀྱི་བསྟན་པ་གཏད། བཤད་རྒྱུན་དཔག་ཏུ་མེད་པར་འཕེལ་བར་ལུང་བསྟན་པ་ཡིན་ལ། སེམས་པ་དཔའ་ཆེན་པོ་ཐུགས་རྗེ་དཔལ་གྱི་ཐུགས་སྲས་མཆོག་ཏུ་གྱུར་པ། ལོ་ཙཱ་བ་གྲགས་པ་རྒྱ་མཚོས་ཙནྡྲ་པའི་མདོ། འགྲེལ་པ་དྷརྨ་དཱ་ས། ཉེར་མཁོའི་མདོ་སོ་སོ་འགྲེལ་པ་དང་བཅས་ཞིབ་ཏུ་ནན་ཆགས་ཆེན་པོས་སྩལ་ཞིང་གསན་པ་ཡིན་ནོ། །
དེ་ལྟར་རིག་གནས་ལ་མཁྱེན་པ་དཔག་པར་དཀའ་བས། དུས་འཁོར་འགྲེལ་ཆེན། དཔག་བསམ་འཁྲི་ཤིང་ལ་སོགས་པའི་བསྟན་བཅོས་བརྒྱ་ཕྲག་ཙམ་གྱི་རྒྱ་དཔེ་དང་བོད་དཔེ་ལེགས་པར་སྦྱར་ཏེ། གཟིགས་རྟོག་མཛད་པ་དང་གཞན་ལ་འདོམས་པར་ཡང་མཛད།
མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ། འགྲེལ་པ་འདོད་འཇོ། མུ་ཏིག་ཕྲེང་བ། མཚན་བརྗོད་འགྲེལ་པ་དབུ་མ་ལ་དགའ་པས་མཛད་པ་ལ་སོགས་པའི་གཞི་འགྱུར་ཤིན་ཏུ་མང་བ་དང་། བྱམས་ཆོས་ལྔ། རྒྱུད་གསུམ། མེ་ལོང་། སྡེབ་སྦྱོར་སོགས་གཞུང་ཤིན་ཏུ་མང་པོ་ལ་འགྱུར་འཆོས་ཧོར་ཁོངས་གསབ་པ་སོགས་ཀྱི་སྒོ་ནས་མ་འགྱུར་བ་དང་། ལོག་པར་བསྒྱུར་བ་དང་། འགྱུར་ཆད་པ་སོགས་མཐའ་དག་གི་དྲི་མ་བཀྲུས་ནས། བསྟན་པ་རིན་པོ་ཆེ་གསལ་བ་ལས་ཀྱང་ཆེས་ཤིན་ཏུ་གསལ་བར་མཛད་པ་ཡིན་ནོ། །
འགྱུར་མཛད་པའི་ཚེ་ཆེས་ཤིན་ཏུ་མྱུར་བ་ཡིན་ཏེ། རྗེ་བཙུན་ཉིད་ཀྱི་རྒྱ་དཔེ་རྣམས་བོད་སྐད་དུ་བསྒྱུར། ཡི་གེ་གཅིག་ཀྱང་ཆད་ལྷག་མེད་པར་གསུང་བ་སློབ་མ་རྣམས་ཀྱིས་བོད་དཔེ་བཟུང་ནས་མནན་པ་ན། བོད་ཀློག་བཟང་བ་ཀུན་གྱིས་ཀྱང་ནོན་དཀའ་བར་གྱུར་བ་ནི་མངོན་སུམ་དུ་གསོལ་ལོ།