[A:༣༡༥]དེ་ལྟར་འགྱུར་མཛད་པའི་ཚུལ་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཆེན་གྱི་ཞལ་སྔ་ནས་ཀྱི་གསུང་དངོས་ལས་འདི་སྐད་ཅེས་གསུངས་ཏེ། བདག་ལ་ཡོན་ཏན་སྐྱེ་བ་དྲན་པ་སོགས་མ་མཆིས། རྨི་ལམ་དུ་སྔར་པཎྜི་ཏ་སུ་རེནྡྲ་བོ་དྷིར་གྱུར་ཅེས་པ་ཙམ་རྨི་བ་དྲན། བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས་ཚུལ་ཁྲིམས་རིན་པོ་ཆེ་དང་མ་བྲལ་ཙམ་དང་། བྱང་སེམས་སྨོན་འཇུག་བློ་སྦྱོང་རིམ་པས་དྲན་པ་དང་དད་གུས་མ་བྲལ་ཙམ་མཆིས། ལམ་རིམ་གཉིས་ཡི་དམ་ལྷ་དྲན་པ་དང་། ལམ་ཟབ་ལ་དམིགས་རྣམ་མ་བརྗེད་མ་དོར་ཙམ་དང་། ལམ་གྱི་ཆ་ཤས་ཀྱི་ངེས་ཤེས་འདྲེན་པ་ལགས། སྐད་གཉིས་སྨྲ་བའི་ལོ་ཙཱར་གཏོགས་ཙམ་འདི་སྔ་མའི་བག་ཆགས་དང་། ཚེ་འདིར་མཁས་པ་བསྟེན་པས། ཀ་ལཱ་པ་དང་ཙནྡྲ་པའི་གཞུང་རྫོགས་པའི་ས་རིས་སློབ་སྦྱོང་དང་། རྒྱ་དཔེ་ཀློག་ཤེས་པས་འཕགས་པ་བརྒྱད་སྟོང་པ་ཉི་ཁྲི་དང་འབུམ་གྱི་གླེགས་བམ་དམ་དུམ། ཤེར་ཕྱིན་བདུན་བརྒྱ་དང་། ཡི་གེ་ཉུང་ངུ་། ཤེར་སྙིང་། རྡོ་རྗེ་གཅོད་པའི་འགྲེལ་པ། མངོན་རྟོགས་རྒྱན་འགྲེལ་ཆུང་དང་བཅས་པ། བྱམས་ཆོས་ཕྱི་མ་བཞི། རྒྱུད་བླ་འགྲེལ་ཆེན། དཀོན་བརྩེགས། བྱང་ཆུབ་སེམས་དཔའི་སྡེ་སྣོད། བློ་གྲོས་བཟང་པོས་ཞུས་པ། བྱམས་པས་ཞུས་པ་སོགས་དང་། འདུལ་བ་མདོ་རྩ། སོ་ཐར་མདོ། སུམ་བརྒྱ་པ། མེ་ཏོག་ཕྲེང་རྒྱུད། ལས་ཆོག ཚད་མ་རྣམ་ངེས། རྣམ་འགྲེལ། གཏན་ཚིགས་ཐིགས་པ། རྒྱུད་གཞན་གྲུབ་པ། འགྲེལ་བརྟག དབུ་མ་རྩ་བ། འཇུག་པ། བཞི་བརྒྱ་པ། འགྲེལ་པ་ཚིག་གསལ། སྟོང་ཉིད་བདུན་ཅུ་པ། རིག་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག ཆོས་དབྱིངས་བསྟོད་པ། བྱང་ཆུབ་སེམས་འགྲེལ། དོན་དམ་པར་བསྟོད་པ་སོགས་བསྟོད་པ་བཞི། བཤེས་སྤྲིངས་རྣམས་དང་། གཞན་ཡང་སློབ་སྤྲིངས། སྤྱོད་འཇུག་