R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༦༡
[A:༦༡]ཅན་གྱིས་ ལོ་བཅོ་བརྒྱད་རྒྱལ་སྲིད་བཟུང་། སོ་དྲུག་ལོན་པའི་ཚེ། བློན་པོ་དབས་རྒྱལ་ཏོ་རེ་དང་། ཅོ་རོ་ལེགས་སྒྲ་གཉིས་ཀྱིས་བཀྲོངས། དར་མ་ཆུ་མོ་ལུག་ལ་བལྟམས་ཏེ། སོ་དགུ་པ་ལྕགས་མོ་བྱ། གཅུང་རལ་པ་ཅན་འདས་པའི་ལོ་དེ་ཉིད་ལ་རྒྱ་སྲིད་བཟུང་སྟེ། དེ་ཡང་གྲགས་པས། བར་པ་གླང་དར་སྤྲེལ་མགོ་ཆུ་མོ་ལུག༎ བཅོ་ལྔ་ལོན་ནས་ཡབ་འདས་སོ་དགུ་ལ༎ གཅུང་འདས་དེ་ནི་རྒྱལ་སྲིད་བཟུང་ནས་ནི༎ ཟླ་བ་དྲུག་ཏུ་ཚུལ་བཞིན་རྒྱལ་པོ་བྱས༎ ལྕགས་མོ་བྱ་ཡི་མཇུག་ཏུ་དམ་ཆོས་བསྣུབས༎ དེ་ནས་ཟླ་བ་དྲུག་དང་ཕྱེད་དག་ཏུ༎ སྡིག་རྒྱལ་བྱས་ཏེ་དེ་ལྟར་སྤྱིར་བསྡོམས་ལ༎ ལོ་གཅིག་ཟླ་ཕྱེད་བྱས་ཏེ་ཁྱི་ལོ་ལ༎ བྱང་སེམས་སེམས་དཔའ་དཔལ་གྱི་རྡོ་རྗེས་བསད༎ ཅེས་པ་ལྟར་དུ། གླང་དར་མས་ལྕགས་བྱའི་ལོ་གཅིག་དང་ཟླ་ཕྱེད་རྒྱལ་སྲིད་བཟུང་བའི་ལོ་ཕྱེད་དང་ཟླ་བ་ཕྱེད་དུ་རྒྱལ་པོ་གདོན་གྱིས་བསླུས་ཏེ། རབ་ཏུ་བྱུང་བ་རྣམས་བསད་ཅིང་ཕབ། གླེགས་བམ་རྣམས་སྦས། ཤཱཀྱ་མུ་ནེ་སོགས་བྱེ་ཐེམས་སུ་བཅུག་པ་སོགས་བྱས་པས་དམ་པའི་ཆོས་བསྣུབས་སོ། འགའ་ཞིག་གླང་དར་མས་འབྲུག་ནས་བྱའི་བར་ལོ་དྲུག་རྒྱལ་སྲིད་བཟུང་ཞེས་པ་དང་། འགའ་ཞིག་ས་མོ་ལུག་ལ་དམ་ཆོས་བསྣུབས་ཟེར་བ་སོགས་ཡོད་ཀྱང་། འདི་པའི་ལུགས་ཀྱིས། འདས་ལོ་ནས་ཉིས་སྟོང་དགུ་བརྒྱ་དང་དོན་བཞི་འདས་
སྤྱི་ལོ་༨༤༡
། སྲོང་བཙན་སྒམ་པོ་བྱོན་པའི་མེ་གླང་མས་ཉིས་བརྒྱ་དང་ཉེར་བཞི་འདས། སྔ་དར་མེ་ལུག་ནས་བཞི་བརྒྱ་དང་སོ་བཞི་འདས་པའི་སོ་ལྔ་པ་ལྕགས་མོ་བྱ་ལོ་དར་མས་བསྟན་པ་བསྣུབས་སོ། ཞེས་ཤེས་པར་བྱའོ། དེ་ནས་བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ད་ལྟའི་ཤིང་བྱིའི་བར་ལ་བདུན་བརྒྱ་དང་ཉེར་གསུམ་ལོན་ནོ།