[A:༨༨ན-༣༦༥] ༄༅། །བམ་པོའི་ཞལ་བྱང་ལའང། བཀྲ་ཤིས་རྣམ་པར་རྒྱལ་བའི་ཁང་བཟངས་རྩེར། །ངག་དབང་རྣམ་པར་རྒྱལ་བའི་ས་སྐྱོང་ཆེས། །ཤིང་ཕག་ན་ཚོད་ལྡན་ལོ་ཚོགས་ཆེན་པོ། །དགེ་འདུན་སྒང་པ་ཞེས་བྱས་དབྱར་གནས་པའོ། །ཞེས་པའི་ཚིག་བཅད་ཀྱང་གནང། ཕྱོགས་ཕྱི་མའི་ཚེས་གཅིག་ལ་མཚོམས་ཆེན་དུ་དབྱར་ཞལ་གྱིས་བཞེས་པར་མཛད། དེ་ཉིན་ནས་བརྩམས་ཏེ་ཟླ་བ་གསུམ་གྱི་བར་དགེ་འདུན་འདུས་པ་རྒྱ་མཚོ་རྣམས་དམ་པའི་ཆོས་འདུལ་བ་ལས་བྱུང་བའི་ཀུན་དུ་སྤྱོད་པས་དུས་འདའ་ཞིང། གསུང་ཆོས་ཀྱི་རིམ་པའང། གཉག་དཔོན་ཐམས་ཅད་མཁྱེན་པས་མཛད་པའི་འདུལ་བའི་ལས་ཆོག་དང། ཀརྨ་ཤ་ཏཾ་ལ་སོགས་པའི་ཚིག་དོན་གྱི་བཤད་པ་མཐའ་ཡས་པ་གནང་ཞིང། སླར་ཡང་ཁྲུམ་གྱི་ཟླ་བའི་དཀར་པོའི་ཚེས་བཅོ་ལྔ་ལ་དགག་དབྱེའི་ཆོ་ག་བཞུགས་ཁྲི་སྟེང་དུ་གནང། དེ་ནས་མཚོམས་ཆེན་སྟེང་ཤོད་དང་བཅས་པ་ལ་མཆོད་པའི་བཀོད་པ་ལེགས་པར་བཤམས་ཏེ། དབྱར་གནས་ཀྱི་ཡོན་བཟང་ཞིང་གྱ་ནོམ་པ་ཕུལ་ཏེ་ཚིམས་ཞིང་དགྱེས་པ་ཆེན་པོའི་སྒོ་ནས་ཚོགས་སྡེ་བྱིན་རྒྱལ་ཆེན་གླིང་དུ་ཐེགས། དཔོན་སློབ་ཉུང་ཤས་ལྷུན་གྲུབ་ལྷ་རྩེར་ཞག་འགའ་བཞུགས། མི་དབང་ཆེན་པོ་ཁུ་དབོན་ལ་ཚེ་དབང་སོགས་དང་། ནཱ་ནོ་ཆོས་དྲུག་དང་སྦྱོར་དྲུག་སྦྱར་བའི་གདམས་པ་ཀརྨ་པ་ཆོས་གྲགས་རྒྱ་མཚོས་མཛད་པ་སོགས་