R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༨བ-༣༦༦
[A:༨༨བ-༣༦༦] གནང་སྟེ། རིམ་གྱིས་རྒྱལ་ཆེན་གླིང་དུ་ཕེབས་པའི། ས་སྐྱོང་ཆེན་པོ་སོགས་ལ་བློ་སྦྱོང་ཚོགས་ཆོས་ཆེན་མོའི་མྱོང་ཁྲིད། རྒྱལ་སྲས་ཐོགས་མེད་པའི། བཀའ་འབུམ་ཐོར་བུ་བ་ཆོས་ཚན་བརྒྱ་དང་བཅུ་གསུམ་ཡོད་པའི་ལུང་དང། ཚོགས་སྡེ་དང་ཆོས་ཉན་མང་པོ་ཞིག་ལ་བློ་སྦྱོང་དང། བཀའ་གདམས་གླེགས་བམ་སོགས་གནང་བའི་སྐབས་སུ། གང་ཟག་ལ་ལ་རིགས་ལ་རྣམ་པར་མི་རྟོགས་པའི་ཏིང་ངེ་འཛིན་སྐྱེ་བ་དུ་མ་དང་། ཉམས་ཀྱི་སྣང་བའང་འབད་མེད་དུ་འབྱུང་ཞིང། དེའི་ཚེ་ལྷ་རྣམས་ཀྱིས་རྗེས་སུ་ཡི་རང་བའི་མེ་ཏོག་གི་ཆར་བབ་ཅིང་ལྷ་མི་ཀུན་གྱིས་མཆོད་པར་བྱེད། དེ་ནས་བྱི་བ་ལོ་ཤར་བའི་ཚེ་མནལ་ལམ་དུ། བཀྲ་ཤིས་རྣམ་རྒྱལ་གྱི་ཡུལ་ལྗོངས་འདི་མཚོ་ཆེན་པོས་གང་བའི་དཀྱིལ་ན། ཤིན་ཏུ་མཛེས་པའི་བ་དན་གྱིས་བརྒྱན་པའི་མདུང་དམར་པོ་བཙུགས་པ་དང དེ་བཞིན་དུ་རྒྱལ་ཆེན་གླིང་གི་ནུབ་བྱང་གི་མཚམས་སུ་རྒྱལ་མཚན་ལྷུན་སྡུག་ཅིང་མཛེས་པ་ཅིག་བཙུགས་པའང་རྨིས་པས་སྐུ་རྩེད་ཀྱི་ཚུལ་དུ། སྡེ་པ་རང་ལ་གཞིས་ཀ་རིན་སྤུངས་པ་འདིས་བཀྲ་ཤིས་རྣམ་རྒྱལ་ཕྱག་ཏུ་འབུལ་བ་ཨེ་ཡིན་བཀའ་གནང། དེ་ནས་ཡུན་མི་རིང་བར་དབུས་གཙང་གི་དུས་གཟིངས་མངས་པའི་ཐོག་མར། བཀྲ་ཤིས་རྣམ་རྒྱལ། སྣེའུ་སོགས་ཀྱང་སྡེ་སྲིད་འདི་ཉིད་ཀྱི་ཆབ་འོག་ཏུ་ཆུག་ཅིང། དཔོན་ས་གོང་མ་ཆེན་པོའི་ཞབས་འདེགས་དཀར་པོའི་ཕྱོགས་ཀྱི་ཟླ་བ་ལྟར་རྒྱས་པར་མཛད།